ཀྲུང་གོ་བོད་ཀྱི་དྲ་བ།

རྒན་པ་རྣམས་གཉེན་སྒྲིག་མ་བྱས་པར་མཉམ་དུ་འཚོ་བ་རོལ་སྐབས་སོ་སོའི་དབང་ཆ་དང་འོས་འགན་གསལ་བོར་ཤེས་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཟའ་ཟླ་ཚེ་ལས་འདས་པའམ་ཡང་ན་བཟའ་ཚང་ཐོར་བའི་རྒན་པ་རྣམས་དོན་དངོས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས། གཉེན་སྒྲིག་མ་བྱས་པར་མཉམ་དུ་བསྡད་དེ་འཚོ་བ་རོལ་བའི་གནས་ཚུལ་རྒྱུན་དུ་འབྱུང་བཞིན་ཡོད།  དེ་ལྟར་བྱས་ན་འཚོ་བའི་སྟེང་དུ་རྒྱབ་རྟེན་ཡོད་མོད།  འོན་ཀྱང་དོན་དངོས་སུ་ཕྱོགས་གཉིས་ཀྱི་དབང་ཆ་དང་འོས་འགན་གསལ་བོར་ཤེས་གྱིན་མེད་པ་རེད།  གལ་ཏེ་ཕྱོགས་གཉིས་ཀ་མཉམ་དུ་མ་བསྡད་པའི་སྔོན་ལ། ཕྱོགས་གཉིས་ཀས་གནད་ཆེའི་དོན་བྱ་དག་ལ་ཁ་ཆད་གསལ་པོ་བཞག་ན།  དགོས་མེད་ཀྱི་འགལ་ཟླ་མང་པོ་ཞིག་ཇེ་ཉུང་དུ་གཏོང་ཐུབ་པས།  ད་ལྟའི་སྤྱི་ཚོགས་འདིའི་ནང་གི་རྒྱུན་མཐོང་གནད་དོན་འགའི་ཐད་ལ་གྲོས་གཞི་བཏོན་པ་གཤམ་ལྟར།

གཅིག  མཉམ་དུ་བསྡད་པ་དེས་དོན་དངོས་ཀྱི་གཉེན་འབྲེལ་གྲུབ་ཡོད་མེད་དང་།  ཕན་ཚུན་གྱི་ཤུལ་ནོར་རྒྱུན་འཛིན་བྱེད་ཆོག་མིན་ཤེས་དགོས།

1994ལོའི་ཟླ2པའི་ཚེས1ཉིན་གྱི་སྔོན་ལ།  ཕོ་མོ་ཕྱོགས་གཉིས་ཀ་གཉེན་སྒྲིག་གི་ཆ་རྐྱེན་དང་མཐུན་ཞིང་།  གཉེན་སྒྲིག་ཐོ་འགོད་མ་བྱས་པར་མཉམ་དུ་བསྡད་ན།  གཉེན་སྒྲིག་འབྲེལ་བ་གྲུབ་ཟིན་པ་ལྟར་ཐག་གཅོད་བྱ་དགོས་ལ།  ཕན་ཚུན་བར་དུ་རྒྱུན་འཛིན་དབང་ཆ་ཡོད།

1994ལོའི་ཟླ2པའི་ཚེས་ཉིན་གྱི་རྗེས་སུ།  ཕོ་མོ་ཕྱོགས་གཉིས་ཀ་གཉེན་སྒྲིག་གི་ཆ་རྐྱེན་དང་མཐུན་ནའང་།  གཉེན་སྒྲིག་ཐོ་འགོད་བྱས་མེད་ན་ནུས་མེད་གཉེན་འབྲེལ་དུ་ངོས་འཛིན་དགོས་པས།  ཕན་ཚུན་བར་དུ་རྒྱུན་འཛིན་གྱི་དབང་ཆ་མེད།

གཉིས།  མཉམ་དུ་བསྡད་རྗེས་ཕྱོགས་གཉིས་ཀས་ཉོས་པའི་རྒྱུ་ནོར་ཇི་ལྟར་ཐག་གཅོད་བྱ་དགོས།

རྒྱུ་ནོར་དེའི་རིགས་ལ་ཕྱོགས་གཉིས་ཀས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱ་དགོས་པ་དང་།  ཐོ་འགོད་བྱེད་ཆོག་པ་རྣམས་རང་རང་གི་མིང་ཐོག་ཏུ་ཐོ་འགོད་བྱས་ན་བཟང་།  དེ་ལྟར་བྱས་ན་རྗེས་ཕྱོགས་ཀྱི་རྩོད་གཞི་མང་པོར་གཡོལ་ཐུབ།

གསུམ།  ཕྱོགས་གཅིག་ཚེ་ལས་འདས་ན།  ཕྱོགས་གཞན་གྱི་སྡོད་ཁང་དབང་ཆར་འགན་སྲུང་བྱེད་ཐུབ་བམ།

རྒན་པ་མཉམ་དུ་བསྡད་པའི་གནས་ཚུལ་ལས་གནད་དོན་ཆེས་མང་བ་ནི་གཅིག་ལ་སྡོད་ཁང་ཡོད་པ་དང་ཕྱོགས་གཅིག་ལ་སྡོད་ཁང་མེད་པ་དེ་རེད།  ཕྱོགས་གཉིས་ཀ་མཉམ་དུ་བསྡད་རྗེས།  ལྟོས་བཅས་ཀྱིས་བཤད་ན་སྡོད་ཁང་མེད་པའི་ཕྱོགས་དེས་སྡོད་ཁང་ཡོད་པའི་ཕྱོགས་དེར་བདག་སྐྱོང་མང་པོ་བྱེད་ཀྱིན་ཡོད་པ་རེད།  གཉིས་ཀ་འཚོ་གཞེས་ཀྱི་སྐབས་སུ་སྡོད་གནས་ལ་བསམ་བློ་གཏོང་མི་དགོས་མོད།  འོན་ཀྱང་སྡོད་ཁང་ཡོད་པའི་ཕྱོགས་དེ་གལ་ཏེ་སྔོན་ལ་ཚེ་ལས་འདས་ན།  དེའི་རྒྱུན་འཛིན་མཁན་གྱིས་རྒྱུན་འཛིན་བྱས་ཏེ་བདག་དབང་བཀོལ་སྤྱོད་བྱེད་པའི་སྐབས་སུ།  སྡོད་ཁང་མེད་པའི་ཕྱོགས་དེ་དཀའ་ཁག་དང་འཕྲད་ཀྱིན་ཡོད།  དེའི་རྐྱེན་གྱིས།  སྡོད་ཁང་ཡོད་པའི་ཕྱོགས་དེས་ཐོག་མ་ནས་སྡོད་ཁང་མེད་པའི་རྒན་པ་དེའི་སྡོད་གནས་དབང་ཆར་བསམ་བློ་གཏོང་བ་དང་ཡང་ན་ཁ་ཆེམས་ཡི་གེ་བྲིས་ཏེ།  འདུག་རོགས་རྒན་པའི་ཚེ་མཇུག་གི་འཚོ་བ་བཀོད་སྒྲིག་བཟང་པོ་བྱ་དགོས་སོ།།  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།