ཀྲུང་གོ་བོད་ཀྱི་དྲ་བ།

མཱ་པུའུ་ཧྥང་གིས་དོ་ཀྱར་དྲག་གནོན་བྱས་པའི་ལོ་རྒྱུས་མདོར་བསྡུས། 

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་སྐྱབས།    སྤེལ་དུས། : 2017-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

138.jpg

དེ་ཡང་འདིར་གླེང་བར་བྱ་བའི་གཞི་སྟེ།མཱ་པུའུ་ཧྥང་གིས་དྲག་གནོན་བྱས་པའི་ཡུལ་གྲོང་དོ་ཀྱ་ཟེར་བ་དེ།གནའ་སྔ་མོའི་དུས་ནས་བཟུང་།བརྗིད་ཅིང་མཐོ་བའི་རི་རབ་ལྷུན་པོ་ཨ་མྱེ་སྲིན་རྒན་གྱི་རི་རྒྱུད་དུ་གནས་ཤིང་།མདུན་དུ་འཛམ་གླིང་འདིར་གྲགས་ཆེ་བའི་ཆུ་བོ་ཆེན་པོ་རྨ་ཀླུང་ཕྱུག་མོ་དལ་གྱིས་འབབ་པ་དང་གཡོན་ན་ལོ་རྒྱུས་ཀྱི་གནའ་ཤུལ་འགངས་ཆེན་གནས་མཆོག་ཨ་ཆུང་གནམ་རྫོང་ཆགས་པ།གཡས་སུ་སྟག་མོ་ནགས་ལ་འགྱིང་བ་དང་འདྲ་བའི་ཚོ་ཆེན་ཧོར་མོ་ཁག་གསུམ་གྲོང་མཚེས་སུ་འཁོད་པ། དེ་ཡང་ཡུལ་དེའི་མཐའ་རུ་ལྗོན་ཤིང་གིས་བསྐོར་ཅིང་། ཨ་མྱེ་སྲིན་རྒན་གྱི་རྟའི་སྣ་ཁུང་གཉིས་ལས་མཆེད་པའི་རྫ་ཆུ་དེ་གཉིས་གཡས་ལུང་གཡོན་ལུང་དུ་ལྷུང་ལྷུང་འབབ་ལ།ས་གཞི་ཡོངས་སུ་རྩི་ཤིང་དང་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པའི་སྟེང་དུ །ཕྱོགས་ཀྱི་རྐང་དྲུག་བུང་བ་དང་དཔྱིད་ཀྱི་ཕོ་ཉ་ཁུ་བྱུག་སོགས་བྱིའུ་སྣ་ཚོགས་འདུ་ཞིང་སྐད་སྙན་སྒྲོག་པའི་ལྟ་ན་སྡུག་པའི་ཡུལ་ལྗོངས་དེར །དུས་རྟག་ཏུ་ལོ་ཕྱུགས་འཕེལ་བས་བཀྲ་ཤིས་དང་དགེ་མཚན་གྱིས་ཁྱབ་པ་དང་།མི་རྣམས་བདེ་ཞིང་སྐྱིད་པར་གནས་ལ།མི་རྣམས་ཀྱིས་མང་གྲགས་ཆེ་བའི་པད་དཀར་ཆོས་གླིང་གཙུག་ལག་ཁང་བཞེངས་འགོ་ཚུགས་ཏེ་ཡུལ་དེ་ནི་ཀུན་གྱི་ཡིད་ནས་སྨོན་པ་དབང་མེད་དུ་འཆོར་བའི་གནས་ཤིག་ཏུ་གྱུར་ཏོ།།

དེ་ནས་ལྕགས་པོ་རྟའི་ལོའི༼ 1930 ༽ དབྱར་མཇུག་ཏུ། གཡོ་སྒྱུ་ཝ་མོ་ལས་ཀྱང་ཆེ་ལ ། གདུག་རྩུབ་གཅན་གཟན་ལས་ཀྱང་རྩུབ་པ། གནས་ལུགས་རྒྱུ་འབྲས་ཅི་ཡང་མེད་པ།བོད་ལ་ཡ་ང་བའི་དབང་བསྒྱུར་མཁན་མྰ་ཕུའུ་ཧྥང་གིས་གཅན་ཚ་སྲིབ་ལྟར་འོས་མེད་པའི་མེ་མདའ་ལྔའི་ཁྲལ་བབས། བཀྲ་མི་ཤེས་པའི་ཁྲལ་བརྡ་དེ་ཐོན་རྗེས།དོ་ཀྱ་དང་ཧོར་མོ་ཁག་གསུམ་གྱི་གོང་འོག་བར་གསུམ་ཚང་མས་གོང་མའི་ས་ཁྲལ་དང་གནམ་ཁྲལ་ནི་འོས་ཡོད་པས་འཇལ་དགོས་མོད །འོན་ཀྱང་མེ་མདའི་ཁྲལ་ལོག་འདི་ནི་འོས་མེད་པས་འཇལ་ཐབས་མེད་ཟེར་ཞིང་དེར་ཕོ་མོ་རྒན་གཞོན་ཚང་མ་ཁོང་ཁྲོ་མེ་ལྟར་འབར་བ་རེད།

དེ་ནས་སྐར་མ་ཐང་སྒར་བའི་ཨ་ཕ་ལྷ་བས་འགོ་བ་བྱས་ཏེ །དོ་ཀྱ་དང་ཧོར་མོ་ཁག་གསུམ་གྱི་འགོ་དཔོན་ཤང་ལོད་རྒན་གསུམ་ཚང་མ་ཚོ་དྲུག་སྒང་ཞིང་ཉག་ཀར་བསྡུས་ནས།ཁྲལ་ལོག་པ་དེ་ཇི་ལྟར་འཇལ་བར་ནང་གྲོས་ཞི་མོ་བྱས་ཤིང་། ཚང་མས་མེ་མདའི་ཁྲལ་ལོག་པ་འདི་ནི་འོས་མེད་པས།འདི་ནི་ཕྱུག་ཚོད་མེད་ཀྱི་བྱུ་རུའི་པ་ཏྲ་དང་བཙན་བཙན་ཚོད་མེད་ཀྱི་རྡོ་ཐོག་ཕུར་བ་མིན་ནམ །དེ་བས་ཤོག་ཁག་བཞི་བོས་མི་བརྒྱ་ཚིག་གཅིག་དང་རྟ་བརྒྱ་སྒྲོག་གཅིག་བྱས་ནས་ཤོག་ཁག་སུས་ཀྱང་མི་འཇལ་བའི་སེམས་ཐག་གོར་མོ་རྡོ་ལྟར་བཅད་ཅིང་།བུ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ཡིན་དགོས་ཟེར།སུ་ལ་ཐུག་ཀྱང་ཤོག་ཁག་བཞི་བོས་ཕན་ཚུན་ལ་དམག་རོགས་བྱེད་རྒྱུའི་དམ་བཅའ་འགྱུར་མེད་རི་རྒྱལ་ལྷུན་པོ་ལྟ་བུ་བཞག་སྟེ་གྲོལ་སོང་ངོ་།།

ལུགས་རྙིང་གི་ཟླ་བརྒྱད་པའི་མར་ངོ་ཞིག་ལ།མྰ་པུའུ་ཧྥང་གིས་རང་གི་ཁྲལ་བ་དང་དམག་མི་མངགས་ཏེ་ཐོག་མར་དོ་ཀྱར་མེ་མདའི་ཁྲལ་བསྡུ་བར་ཡོང་བ་དང་།ཁྲལ་བ་དང་དམག་མི་རྣམས་ལང་ངའི་དཔོན་ཚང་དུ་བབས་ཏེ།དོ་ཀྱའི་ཤང་ལོ་རྒན་གསུམ་ལ་བརྡ་བརྒྱབ་སྟེ་འཚོགས།ཚོགས་ཐོག་དེར་ཞུགས་མཁན་གྱི་མི་སྣ་ནི་དཔོན་ཚང་བདེ་མཆོག་དང་བསམ་འགྲུབ །ལྷ་བརྟན་ཤང་ཕྲུག་དང་ཕ་གཞིས་གླེ་མགོ་ཨ་མྱེ ། སྲི་མོ་ཁ་ལུག་དང་མཁས་བརྒྱའི་ཚེ་རིང་འབུམ ། ལང་ངའི་ཀུན་བཟང་རྣམ་རྒྱལ ། ལྷ་ཆུང་སྒྲོལ་མ་ཚེ་རིང་། ཚིས་ཀའི་དབང་དྲག་བཀྲ་ཤིས་སོགས་ཡོད་པ།ཁོ་ཚོ་སུས་ཀྱང་མེ་མདའི་ཁྲལ་ལོག་དེ་གཏན་ནས་ཁས་མ་བླངས་ཤིང་།ཚང་མས་འོས་མེད་པའི་ཁྲལ་ལོག་འདི་མི་འཇལ་ཐག་ཆོད་ཡིན་ཟེར་ནས་རང་རང་སར་གྲོལ་སོང་།དེ་ནས་དཔོན་ཚང་བསམ་འགྲུབ་ཀྱི་ཆུང་མ་ཆོས་མོ་ཟེར་བ་དེས།ཁྲལ་བ་དང་དམག་མི་རྣམས་ལ།ཁྱོད་ཚོ་མར་སོང་ཞིག་ང་དོ་ཀྱས་མེ་མདའི་ཁྲལ་མི་འཇལ་ཐག་ཆོད་ཡིན །གལ་ཏེ་མི་འགྲོ་ན་ཁྱོད་ཚོའི་སྲོག་ལ་འབབ་ངེས་ཡིན་ཟེར་ནས་སྡིགས་པ་དང་མཉམ་དུ་ཁོ་ཚོའི་བཞོན་རྟ་རྣམས་སྒོར་བཏང་བ་དང་རྟ་སྒ་རྣམས་སྒོར་བཞགདེ་ནས་ཁྲལ་བ་དང་དམག་མི་རྣམས་ཐབས་ཟད་ཅིང་བཟོ་ལྟ་ཤོར་བའི་ངང་འཚབ་འཚུབ་ཀྱིས་བྲོས་སོང་ངོ་།།

སྐབས་དེར།དོ་ཀྱའི་ཡུལ་གྲུ་དེ་སྔར་བཞིན་ཞི་ཞིང་བདེ་བ་དང་དགའ་ཞིང་སྐྱིད་པར་གནས་ཤིང་།དགྲ་ལ་དོགས་ཟོན་དང་དམག་གི་གྲ་སྒྲིག་ཅི་ཡང་མེད་པ་དང་།མེ་མདའི་ཁྲལ་མ་འཇལ་ན་གདུག་རྩུབ་ཆེ་ཞིང་སྙིང་རྗེ་སྤུ་ཙམ་མེད་པའི་མྰ་པུའུ་ཧྥང་གིས་ངེས་པར་དྲག་ཐབས་བཀོལ་རྒྱུ་ཡིན་པ་དེ་གཏན་ནས་བསམ་ཡུལ་ལའང་མ་ཤར་པར། སེམས་ལྷོད་ལྷོད་དུ་སྡོད་པའི་སྐབས་སུ ། དེ་ཡང་ལྕགས་ཕོ་རྟའི་ལོའི་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན།དོ་ཀྱ་ལ་དྲག་གནོན་བྱེད་པའི་དམག་ཁག་གཉིས་བན་ཡན་དང་ཁྲི་ཀའི་ཕྱོགས་གཉིས་ནས་དོ་ཀྱའི་ཕྱོགས་སུ་དམག་ལ་ཆས་ཤིང་། མྰ་དམག་གི་དམག་རྒྱག་འཆར་གཞི་ནི། ཆི་ཅན་འགོ་ཁྲ་དང་ཤེས་བཞིན་དཔོན་ཕྲུག་གཉིས་ཀྱིས་ཁྲིད་པའི་དམག་གདོང་སྣ་ནས་ཡར་བུད་དེ།མཁས་བརྒྱ་ནས་འགོ་བརྩམས་ཏེ་སྡེ་བ་རེ་རེ་བརྒྱབ་ནས་དོ་ཀྱའི་མཁར་སྟོད་བར་བརྒྱག་རྒྱུ་དང་།ཁྲི་ཀའི་པང་པན་གྱིས་ཁྲིད་པའི་དམག་སྲིན་པོ་རྫ་ནས་མར་བབས་ཏེ།ཆི་ཅན་འགོ་ཁྲའི་དམག་གིས་བརྒྱབ་ནས་ཡར་རྫ་ལ་བྲོས་པ་རྣམས་བར་ལ་བཅུག་སྟེ་གཅིག་ཀྱང་འཆོར་དུ་མི་འཇུག་རྒྱུ་དེ་ཡིན།ཐོག་མར་ཆི་ཅན་འགོ་ཁྲིའི་དམག་ཐོན་ཏེ་སྔ་མོ་ནས་ལངས་མ་ཐག་མཁས་བརྒྱ་རྩེ་རི་ནས་དམག་ས་བླངས་སྟེ་མཁས་བརྒྱ་དང་ལྷ་བརྟན་ལ་བརྒྱབ་པས།འཇམ་ཐིང་ཐིང་དུ་སྡོད་པའི་དོ་ཀྱའི་ཡུལ་གྲུ་དེ་སྐད་ཅིག་ཉིད་ལ་ཟང་ཟིང་དུ་གྱུར །དེ་ནས་ལྷ་བརྟན་ཤང་ལོ་དང་གླེ་འགོ་ཨ་མྱེ་སོགས་རྒྱ་སྟག་ཁྲ་བོ་ནགས་ནས་འཆོང་འདྲ་དང་བྲེ་སེར་འབྲོང་མོ་རྫ་ནས་བུད་འདྲ་ལྟར།རང་རང་ས་ནས་དམག་སྣ་དྲངས་ཏེ་རྒོད་པོ་རང་འདུ་བརྒྱབ་ཅིང་ཚང་མས་མཛུབ་གྲུ་ལྔ་བཅངས་ཁུ་ཚུར་དང་མདུང་ཡུ་གཅིག་ལ་མཆིལ་མ་བྱས་ཏེ། མདུན་དུ་སླེབས་པའི་དགྲ་ནག་དང་འཐབ།དཔོན་ཚང་བསམ་འགྲུབ་ཀྱིས་དཔའ་ཁེར་རྒྱུགས་བྱས་ཏེ་མྰ་དམག་གི་མདའ་ར་ནང་བརྒྱུགས་ནས་དམག་དར་འཕྲོག་པས་ཁོ་ལ་རྨས་ལྗིད་མོ་ཕོགཡང་ལྷ་བརྟན་ཤིང་ལོ་དང་གླེ་མགོ་ཨ་མྱེ་སོགས་ཀྱིས་དམག་སྣ་དྲངས་ཏེ།ལང་ངའི་ས་དམར་གོང་བ་ནས་བཟུང་།མཁས་བརྒྱ་རྩེ་རི་བར་དམག་ས་བཟུང་སྟེ་མྰ་དམག་དང་འཁྲུག སྐབས་དེར། དམག་རྒོད་རྫ་རི་ཉིལ་ཉིལ ། མདེའུ་ཆར་བ་འབབ་འབབ། མེ་མདའི་སྒྲ་དང་ཀི་སྒྲ། རྒྱོབ་དང་སོད་ཀྱི་སྒྲ་རྣམས། གཅིག་ཏུ་འདྲེས་ཤིང་སྦགས་པ།དམག་ནི་དྲག་ཏུ་འཁྲུག་པ།དོ་ཀྱའི་ཕོ་རྒོད་དཔའ་བོ་རྣམས་ཀྱིས་དགྲ་དཔུང་བཅོམ་ཏེ།སྤྱང་མོས་ར་ཁྱུ་འདེད་པ་ལྟར་མྰ་དམག་ཡར་འདེད་མར་འདེད་བྱས་ཤིང་ །ཕམ་ཉེས་ཚབས་ཆེན་བྱུང་བའི་མྰ་དམག་ཡར་འབྲོ་མར་འབྲོ་བྱས།དམག་མི་ལ་ལས་ངུ་འབོད་བྱས།ལ་ལས་ཨ་ཕ་ཟེར་ནས་ཞུ་བ་ཞུས།ལ་ལས་མེ་མདའ་མགོར་ཁུར་ནས་མགོ་འཛུལ་བའི་ཚལ་བསྟན་པ་སོགས་ཀྱི་བཞད་གད་འཆོར་བའི་བཟོ་ལྟ་མང་བོ་བྱུང་།མྰ་དམག་ཅི་བྱ་གཏོད་མེད་དུ་གྱུར་བའི་སྐབས་དེར།གདོང་སྣའི་ཧོས་རིགས་སྡེ་བས་བར་འབྱེད་པའི་ཁ་གཡར་ཏེ་བར་ལ་བུད་ནས་དོ་ཀྱ་ངོ་ཆེན་ཞུས།གཞུང་དྲང་བའི་དོ་ཀྱས་ཁོ་ཚོའི་གཡོ་སྒྱུ་མ་ཤེས་པར་བདེན་པར་བསམ་ནས་དམག་ཕྱིར་འཐེན།མཚམས་དེར།མྰ་དམག་གིས་སླར་ཡང་དམག་ས་བླངས་ཤིང་མདའ་ར་བསྐོས་པ་དང་དམག་གི་དཔུང་ཇེ་ཆེར་བཏང་སྟེ་སླར་ཡང་དམག་བརྒྱབ།

དེ་ནས་དོ་ཀྱའི་དམག་གི་འགོ་བ་ལྷ་བརྟན་ཤིང་ལོའི་སྲོག་ཤོར། དེའི་འཕྲོར་དོ་ཀྱའི་ཕོ་མོ་གྱ་ལྔ་དམར་གསོད་དང་།བུད་མེད་མང་བོ་བཙན་གཡེམ་བྱས།དེའི་ནང་ལང་ངའི་དཔོན་ཚང་རྒྱ་བྱིས་གསོན་པོར་མེར་བསྲེགས་ནས་བསད།ལྷ་བརྟན་སྡེ་བའི་མ་སྨད་གཉིས་ལ་མྰ་དམག་གིས་སྐོར་གཡེམ་བྱས་རྗེས།མ་བུ་གཉིས་ཐག་པས་ལྷན་གཅིག་ཏུ་བསྡམས་ཏེ་གསོན་པོར་བྲག་རིའི་སྒང་ནས་མཐར་འཕངས་ནས་བསད། དོ་ཀྱའི་མཁར་སྟོད་དང་ལང་ང་། ལྷ་ཆུང་། ཤྰ་ངུར་གདོང་། འབྲོག་རྒྱག ཕ་གཞིས་བཅས་སྡེ་བ་དྲུག་གི་ཁྱིམ་ཚང་ཞེ་བཞིའི་ཁང་བ་མེར་བསྲེགས་པ་དང་དེས་སྡེ་བ་དེ་དག་གི་ཁྱིམ་ཚང་སྤྱི་གྲངས་ཀྱི་བརྒྱ་ཆའི་ལྔ་བཞིའི་ཟིན། དེའི་ནང་འབྲོང་རྒྱག་ལ་ཁྱིམ་ཚང་བརྒྱད་ཡོད་པ་ཚང་མ་མེར་བསྲེགས་པ་དང་ལང་ང་ལ་ཁྱིམ་ཚང་བཅོ་བརྒྱད་ཡོད་པའི་ནང་ཁྱིམ་ཚང་བཅུ་དྲུག་མེར་བསྲེགས།མྰ་དམག་གིས་རྒྱུ་ནོར་གྲངས་མེད་པ་ཞིག་འཕྲོག་བཅོམ་བྱས་པས་མི་ཆོགད་དུང་འཕྲོར་ལུས་པའི་གྲོ་ནས་སྲན་གསུམ་མཉམ་བསྲེ་དང་ཕྱེ་དང་རྩམ་པ་ནས་ཕྱེ་གསུམ་མཉམ་བསྲེ་བྱས་ཤིང་གཡིས་རྫ་ནང་དུ་ར་ཕག་བྱ་གསུམ་གྱོ་རོ་བརྫངས་ནས་དེ་དག་བཀོལ་ས་མི་འགྲོ་བར་བཏང་།འཕྲོག་བཅོམ་བྱས་པའི་རྒྱུ་ནོར་ནང་ཁྱེར་མི་ཐུབ་པ་ཚང་མ་གདོང་སྣ་ལ་བྱིན།དེ་བས་ལ་དཀར་གོན་པའི་རྒྱུ་ལེན་མཁན་རྣམས་ཉིན་ལྔ་དྲུག་ལ་ལམ་དུ་མི་ཆུད་པར་ལུད་སྐྱེལ་འདྲ་བ་བཞིན་མཚམས་མ་འཆད་པར་མར་བསྐྱལ།མིའི་རང་བཞིན་དང་སྙིང་རྗེ་གཏན་ནས་མེད་པའི་མྰ་དམག་ནི་གཅན་གཟན་ལས་ཀྱང་གདུག་རྩུབ་ཆེ་བ་ཞིག་རེད།ཁོ་ཚོས་ཆག་འཇིག་ཆེན་པོ་གནམ་སར་མི་ཤོང་བ་ཞིག་བཟོས་ཏེ། དོ་ཀྱ་དེ་ངུས་ན་མིག་ཆུ་མི་འོང་བའི་གནས་སུ་བསྐྱལ།

གཞན་ཡང་།སྟབས་ལེགས་པ་ཞིག་ལ།སྟོད་ནས་མར་འོངས་པའི་ཁྲི་ཀའི་པང་པན་གྱི་དམག་ལམ་ནོར་ཏེ་རིམ་ཚད་བརྒྱུད་དེ་མར་སྔོ་རྒྱ་ཐུར་ལ་ཤོར་བས་དུས་ཐོག་ཏུ་མ་ཐོན།ཡང་སྨད་ནས་ཡར་འོངས་པའི་ཆི་ཅན་མགོ་ཁྲའི་དམག་གི་ལག་ཆ་མི་བཟང་བ་དང་མདེའུ་ཉུང་།དེའི་ཕྱིར །ཁོ་ལ་ཕམ་ཉེས་ཆེན་པོ་བྱུང་བ་དང་དམག་ཕལ་ཆེར་བསད་ཚར་ཟེར་བའི་བཤད་སྲོལ་ཡོད། གལ་ཏེ་སྟབས་ལེགས་ཏེ་མིན་རྒྱུ་ན ། དོ་ཀྱ་ལ་དེ་བས་ཀྱང་མི་ཚད་པའི་ཆག་འཇིག་འབྱུང་རྒྱུ་རེད།

དེ་མིན། མཱ་དམག་རྣམས་ལྷ་བརྟན་དུ་བསྡད་དེ། མེ་མདའི་ཁྲལ་མི་འཇལ་བའི་འགོ་བ་དབང་དྲག་བཀྲ་ཤིས་དང་སྒྲོལ་མ་ཚེ་རིང་སོགས་ཀྱི་མགོ་མེད་ན་དམག་མི་འཐེན་ཞེས་ཁ་ཤོམ་འཐེན་ནས་འཇིགས་སྐུལ་སྐབས ། ལྷ་རི་དགོན་པའི་བླ་མ་ལྷ་རི་ཚང་གིས་མྰ་དམག་ལ་དགོན་པའི་མཛོད་ནས་དངུལ་སྲང་ལྔ་བཅུ་མ་བཅུ་གཉིས་དང་དངུལ་སྒོར་གྲངས་མེད་པ་བཅས་ཀྱི་རྒྱུ་བརྫངས་ནས། དབང་དྲག་བཀྲ་ཤིས་དང་སྒྲོལ་མ་ཚེ་རིང་སོགས་ཀྱི་སྲོག་ཉོས།ཡང་ཚིས་ཀ་སྡེ་བར་མཱ་དམག་མ་ཐོན་སྟབས་གྱོང་གུད་ཅི་ཡང་མ་བྱུང་བས།དྲེལ་རྟ་ཐེ་བའི་ཆེ་ཟོག་སུམ་བཅུ་དང་ར་ལུག་ལྔ་བརྒྱ །གདན་དཀར་ནག་བདུན་ཅུ་བཅས་མཱ་དམག་ལ་དམག་འཐེན་བྱེད་དུ་བྱིན་པར་བརྟེན།ད་གཟོད་དམག་ཕྱིར་འཐེན་པ་རེད།བླ་མ་ལྷ་རི་ཚང་དང་ཚིས་ཀ་སྡེ་བས་དོ་ཀྱ་ལ་སླར་ཡང་ཆག་འཇིག་མི་འབྱུང་བའི་དོན་དུ་སྟོབས་ཤུགས་ཧ་ཅང་ཆེན་པོ་བཏོན་པ་རེད།

ཕྱི་དགྲ་ལ་བསྐོར་ན་སྟག་ལས་ངར་ཞིང་། ནང་འབངས་ལ་བསྐོར་ན་དར་ལས་འཇམ་པའི་དོ་ཀྱའི་ཕོ་རྒོད་རྣམས་ཀྱིས་ཕ་ས་ཕ་ཡུལ་དང་རྗེས་མའི་བུ་རབས་ཚ་རྒྱུད་ཀྱི་སྐྱིད་སྡུག་གི་དོན་དུ་རང་གི་རིན་ཆེན་ཚེ་སྲོག་ཕངས་མེད་ཀྱིས་བཏང་བའི་དཔའ་བོའི་མཛད་རྗེས་དེ་ནི་རྡོ་ལ་བརྐོས་པའི་རི་མོ་ནང་བཞིན་ཇི་སྲིད་འཇིག་རྟེན་མ་སྟོངས་ཀྱི་་བར་དུ། མི་རྣམས་ཀྱི་སེམས་སུ་འཇགས་ཤིང་གསུབ་ཐབས་མེད་པ་ཞིག་ཡིན་ནོ།། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།