ཀྲུང་གོ་བོད་ཀྱི་དྲ་བ།

ངལ་རྩོལ་གྱི་རྩོད་གཞིའི་གྱོད་གཞིའི་ཁྲོད་ངལ་རྩོལ་པས་ཇི་ལྟར་བྱས་ཏེ་ཁེ་དབང་སྲུང་དགོས་སམ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གསར་འགོད་པར་ཉེ་ཆར་འཚོགས་པའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་ཁྲིམས་འཛིན་སྲུང་སྐྱོང་ལས་དོན་སྐོར་གྱི་ཧེ་ལུང་ཅང་ཁྲིམས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱུང་བ་དང་། ངལ་རྩོལ་བཅའ་ཁྲིམས་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ངལ་རྩོལ་པའི་དབང་ཆ་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག་ཧེ་ལུང་ཅང་ཞིང་ཆེན་གྱི་རིམ་ཁག་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་ངལ་རྩོལ་གྱི་རྩོད་གཞིའི་གྱོད་གཞིའི་ཁ་གྲངས་ཀྱང་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད་པ་རེད། ཉེ་བའི་ལོ་གསུམ་རིང་ཞིང་ཆེན་དེ་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་གཅོད་དང་པོ་གཉིས་པའི་ངལ་རྩོལ་གྱི་རྩོད་གཞིའི་གྱོད་གཞི་ཁྱོན20931བདག་སྤྲོད་བྱས་པ་དང་། གྱོད་གཞི20102ཞིབ་གཅོད་བྱེད་མཇུག་བསྒྲིལ་བ། གྱོད་ཐག་ཆོད་ཚད96.04%ཟིན་པ། གཏུགས་བཤེར་གྱི་དམིགས་བྱའི་དངུལ་གྲངས་སྒོར་དུང་ཕྱུར7.16ཟིན་ཡོད་པ་རེད།

ངལ་རྩོལ་གྱི་རྩོད་གཞི་བྱུང་རྗེས་ངལ་རྩོལ་པས་ཁེ་དབང་ཇི་ལྟར་སྲུང་དགོས་སམ། ཧེ་ལུང་ཅང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་གཞོན་པ་སུན་ཧུང་ཧྲན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱིས་ངལ་རྩོལ་པར་སྲུང་སྐྱོང་ལམ་ལུགས་རབ་དང་རིམ་པ་བཟོས་ཡོད། གཤམ་གསལ་ཐབས་ཤེས་4ལ་བརྟེན་ནས་ཁེ་དབང་སྲུང་ཆོག་པ་སྟེ། ངལ་རྩོལ་པས་མི་སྤྱོད་ཚན་པ་དང་གྲོས་མོལ་བྱེད་ཆོག་པ་དང་གཅིག དེ་ནི་ཁྲིམས་ཁང་གིས་སྔར་ནས་ད་བར་དར་སྤེལ་གཏོང་བའི་དགེ་མཚན་ལྡན་ལ་ཞི་འཇམ་པའི་འགལ་ཟླ་སེལ་ཐབས་ཤིག་ཡིན་པ། ངལ་རྩོལ་འདུམ་འགྲིག་སྡེ་ཚན་འདུམ་འགྲིག་བྱེད་པར་གདན་འདྲེན་པ་དང་གཉིས། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་འབད་བརྩོན་ལྷོད་མེད་བྱས་ཤིང་། མིག་སྔར་རིམ་པ་ཁག་གི་ངལ་རྩོལ་འདུམ་འགྲིག་སྒྲིག་གཞི་ཆ་ཚང་དུ་ཕྱིན་ནས་ངལ་རྩོལ་པར་སྟབས་བདེའི་ཞབས་འདེགས་ཞུ་ཐུབ་པ། ངལ་རྩོལ་ཁྲུན་གཅོད་སྡེ་ཚན་བརྒྱུད་ཁྲུན་ཐག་གཅོད་པ་དང་གསུམ། དེ་ནི་ངལ་རྩོལ་གྱི་རྩོད་གཞི་ཐག་གཅོད་བྱེད་པའི་རྒྱུན་སྤྱོད་ཐབས་ཤེས་ཤིག་ཡིན་པ། ངལ་རྩོལ་ཁྲུན་གཅོད་བྱས་འབྲས་ལ་འདོད་མོས་མ་བྱུང་བའི་གནས་ཚུལ་འོག་ཁྲིམས་ཁང་ལ་ངལ་རྩོལ་གྱི་རྩོད་གཞི་ཞུ་གཏུག་རྒྱག་ཆོག་པ་དང་བཞི་བཅས་རེད།

ཁོང་གིས་ད་དུང་ངལ་རྩོལ་པས་བཅའ་ཁྲིམས་དང་ཁེ་དབང་སྲུང་སྐྱོང་བྱེད་པའི་རང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་དེ་བཞིན་མི་སྤྱོད་ཚན་པ་དང་ངལ་རྩོལ་གྱི་འབྲེལ་བ་ཆགས་པའི་བརྒྱུད་རིམ་ཁྲོད་ངལ་རྩོལ་གན་རྒྱ་བཞག་སྟེ་ངལ་རྩོལ་པ་དང་མི་སྤྱོད་ཚན་པའི་དབར་གྱི་དབང་ཆ་དང་འོས་འགན་གསལ་པོ་བཟོས་ནས་ཁེ་དབང་སྲུང་སྐྱོང་བྱ་ཕྱིར་གཞི་འཛིན་ས་ཁུངས་བཙན་མཁོ་འདོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།