ཀྲུང་གོ་བོད་ཀྱི་དྲ་བ།

2017ལོར་མང་ཚོགས་ཀྱི“དངུལ་ཁུག”ལ་འགྱུར་ལྡོག་གསར་པ་གང་དག་འབྱུང་སྲིད་དམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འཇམ་དབྱངས་མཁའ་འགྲོས་བསྒྱུར།   སྤེལ་དུས། : 2017-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg (1).jpg

ད་ལོའི་སྲིད་གཞུང་ལས་དོན་སྙན་ཞུ་སོགས་ཚོགས་འདུ་གཉིས་ཀྱི་ཡིག་ཆའི་ནང་བཏོན་པའི་དམངས་ཕན་སྲིད་ཇུས་མང་པོ་ཞིག་མང་ཚོགས་ཀྱི“དངུལ་ཁུག”དང་ཐད་ཀར་འབྲེལ་ཡོད།

སྡོད་མིའི་ཡོང་སྒོ་འཕར་བར་ཐབས་ལམ་གང་དག་ཡོད།

2005ལོ་ནས2016ལོའི་བར། རང་རྒྱལ་གྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོའི་དངུལ་གྱི་ཚད་གཞི“བསྟུད་མར་ཐེངས་བཅུ་གཉིས་ལ་འཕར་བ”མངོན་དུ་གྱུར། ད་ལོའི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་།ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་མུ་མཐུད་དུ་ཇེ་མཐོར་བཏང་ནས་དུས་ཐོག་དང་ཆ་ཚང་དུ་སྤྲོད་པར་ཁག་ཐེག་བྱེད་དགོས་པ་གསལ་པོར་བཏོན་ཡོད།དེས་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོའི་མ་དངུལ“བསྟུད་མར་ཐེངས་བཅུ་གསུམ་ལ་འཕར་བ”མངོན་འགྱུར་འབྱུང་རྒྱུ་ཡིན་པ་མཚོན་ཡོད།ཡོང་འབབ་དམའ་བའི་མི་ཚོགས་ལ་འགན་སྲུང་བྱེད་པའི་ཐད་ནས། སྔོན་རྩིས་སྙན་ཞུའི་ནང་ཚན་རིག་དང་མཐུན་པའི་ངང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་གཏན་འཁེལ་བྱེད་པ་དང་།ཁྱད་དབུལ་མི་སྣའི་རོགས་སྐྱོབ་དང་བསྙེན་བཀུར་སྲིད་ཇུས་འཐུས་ཚང་དུ་གཏོང་བ།གཟིགས་སྐྱོང་བྱ་ཡུལ་སོགས་ཀྱི་མི་སྣའི་གོད་སོས་དང་འཚོ་བའི་ཁ་གསབ་ཚད་གཞི་དུས་ཐོག་ཏུ་ལེགས་སྒྲིག་ཞིབ་འཇུག་བྱེད་དགོས་པ་སོགས་བཏོན་ཡོད།

དེ་ལས་གཞན་ད་རུང་། ཁྲལ་འཕྲི་དངུལ་གཅོག་དང་།ནོར་སྲིད་རྒྱབ་སྐྱོར་གྱི་ཁ་གསབ་སྲིད་ཇུས་རབ་དང་རིམ་པས་མི་དམངས་མང་ཚོགས་ལ་ཕན་ཐོགས་ཏེ་ཁྱིམ་ཚང་མང་པོར་ཡོང་སྤར་གཏོང་བསྲི་བྱ་རྒྱུ་རེད།

མི་ཚོགས་གང་དག་ལ་མངོན་གསལ་གྱིས་ཕན་ཐོགས་སམ།

སྲིད་གཞུང་ལས་དོན་སྙན་ཞུའི་ནང་དུ་ཀུན་ཕན་རང་བཞིན་གྱི་ཡོང་འབབ་འཕར་སྣོན་སྲིད་ཇུས་ལས་གཞན། མི་ཚོགས་རིགས་གསུམ་གྱི“དངུལ་ཁུག”ལ་མངོན་གསལ་གྱིས་ཕན་ཐོགས་རྒྱུ་རེད།

—གྲོང་གསེབ་ཀྱི་དབུལ་ཕོངས་མི་ཚོགས།ད་ལོར་དབུལ་ཐར་ཁྱབ་ཁོངས་ཀྱི་ནོར་སྲིད་ཡོང་འབབ་འབོར་ཆེར་འཕར་རྒྱུ་རེད།2016ལོར་རྒྱལ་ཡོངས་ཀྱི་ནོར་སྲིད་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཆིག་སྟོང་ལས་བརྒལ་བའི་རྨང་གཞིའི་སྟེང་། ཀྲུང་དབྱང་གི་ནོར་སྲིད་དབུལ་སྐྱོར་གྱི་ཆེད་སྤྱོད་མ་དངུལ30%ཡན་ལ་འཕར་རྒྱུ་ཡིན་པ་དང་། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི1000ཡན་ཉུང་འཕྲི་བྱས་ནས།ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་མི་གྲངས་ཁྲི340ལ་བསླེབ་རྒྱུ་རེད།

—འབུམ་རམས་པའི་ཞིབ་འཇུག་སློབ་མ། འབུམ་རམས་པའི་ཞིབ་འཇུག་སློབ་མའི་རྒྱལ་ཁབ་སློབ་ཞུགས་རོགས་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་རྒྱུ། མིག་སྔར།ཀྲུང་དབྱང་སྡེ་ཁག་ཏུ་གཏོགས་པའི་མཐོ་རིམ་སློབ་གྲྭའི་འབུམ་རམས་པའི་ཞིབ་འཇུག་སློབ་མའི་རོགས་དངུལ་ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར་ཁྲི1.2ཡིན་པ་དང་།ས་གནས་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭའི་རྒྱལ་ཁབ་སློབ་ཞུགས་རོགས་དངུལ་གྱི་ཚད་གཞི་དེ་ཞིང་ཆེན་སོ་སོས་གཏན་འཁེལ་བྱེད་དགོས།

—ཁེ་ལས་ཆུང་བའི་ལས་སྐྲུན་པ།ཐབས་མང་མཉམ་སྤྱོད་བྱས་ཏེ་མ་རྩ་ཇེ་དམའ་རུ་གཏོང་བ་དང་། དེའི་ཁྲོད་ཀྱི་ཁེ་ལས་ཆུང་བས་ཐོབ་ཁྲལ་ཕྱེད་ཀ་གཅོག་ཡང་གཏོང་བའི་གཟིགས་སྐྱོང་ལོངས་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་དེ།ལོ་དེར་འཇལ་དགོས་པའི་ཐོབ་ཁྲལ་ཚད་མཐོ་ཤོས་དེ་སྒོར་ཁྲི30ནས་ཁྲི50རུ་གཏོང་བ་དང་།ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་གི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་སྣོན་འཕྲི་བསྡུར་ཚད50%ནས75%ལ་མཐོ་རུ་གཏོང་དགོས།

མང་ཚོགས་ཀྱི་རྒྱུན་ལྡན་འགྲོ་གྲོན་ལ་འགྱུར་ལྡོག་གང་དག་ཡོད།

—སྨན་བཅོས་བྱེད་པའི་འགྲོ་གྲོན།གྲོང་ཁྱེར་དང་གྲོང་གསེབ་སྡོད་མིའི་སྨན་བཅོས་འགན་སྲུང་གི་ནོར་སྲིད་ཁ་གསབ་དེ་མི་རེར་ལོ་རེར་སྒོར420ནས་སྒོར450ལ་གཏོང་རྒྱུ་དང་།ས་གནས་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་བསྡད་པའི་འགྲོ་གྲོན་ཐད་ཀར་སྡོམ་རྩིས་བྱེད་པ་མངོན་འགྱུར་བྱ་རྒྱུ། སྨན་རྫས་སྣོན་གྲངས་ཚང་མ་མེད་པར་བཟོ་རྒྱུ། ནད་རིགས་ལ་གཞིགས་ནས་སྨན་རིན་སྤྲོད་རྒྱུ་གཙོ་བོ་བྱེད་པ་དང་།སྨན་རིན་སྤྲོད་སྟངས་སྣ་མང་ཟུང་འབྲེལ་བྱེད་པའི་སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྤེལ་ཏེ།སྨན་བཅོས་འགྲོ་གྲོན་གང་བྱུང་དུ་འཕར་བ་ཚོད་འཛིན་དང་།ནད་པའི་སྨན་བཅོས་ཀྱི་ཁུར་པོ་ཐད་ཀར་ཇེ་ཡང་དུ་གཏོང་རྒྱུ།

—ཆ་འཕྲིན་འགྲོ་གྲོན།སྲིད་གཞུང་ལས་དོན་སྙན་ཞུའི་ནང་བཏོན་དོན།ད་ལོར་དྲ་རྒྱའི་མྱུར་ཚད་ཇེ་མཐོ་རུ་གཏོང་བ་དང་འགྲོ་གྲོན་ཇེ་ཉུང་དུ་གཏོང་བའི་གོམ་སྟབས་སྔར་ལས་ཇེ་ཆེར་སྤོས་ནས།ལོ་འདིའི་ནང་དུ་ལག་ཁྱེར་ཁ་པར་གྱི་རྒྱལ་ནང་གི་ཐག་རིང་འགྲོ་གྲོན་དང་འཁྱམ་སྤྱད་འགྲོ་གྲོན་ཚང་མ་མེད་པར་བཟོ་བ་དང་།ཁེ་ལས་འབྲིང་ཆུང་གི་སྦྲེལ་དྲའི་ཆེད་སྐུད་མཐུད་འཇུག་འགྲོ་གྲོན་ཇེ་དམའ་རུ་གཏོང་བ་དང་།རྒྱལ་སྤྱིའི་ཐག་རིང་ཁ་པར་གྱི་འགྲོ་གྲོན་ཇེ་དམའ་རུ་གཏོང་རྒྱུ།ཀྲུང་གོའི་འགུལ་འཕྲིན་དང་ཀྲུང་གོའི་ཏར་འཕྲིན།ཀྲུང་གོའི་འཕྲིན་འབྲེལ་བཅས་གཉེར་སྐྱོང་ཁང་ཆེན་པོ་གསུམ་གྱིས་ད་ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་རྒྱལ་ནང་ཐག་རིང་འགྲོ་གྲོན་དང་འཁྱམ་སྤྱད་འགྲོ་གྲོན་ཚང་མ་ཁྱོན་ཡོངས་ནས་མེད་པ་བཟོ་རྩིས་ཡོད་ཅེས་བསྟན།

—འཛད་སྤྱོད་འགྲོ་གྲོན།ད་ལོར་སྡོད་མིའི་འཛད་སྤྱོད་རིན་གོང་འཕར་ཚད་ཀྱི་སྔོན་དཔག་དམིགས་ཚད་ནི3%ཡས་མས་ཡིན་ལ། འདིས་ད་ལོའི་དངོས་གོང་ཅུང་ཙམ་འཕར་རྒྱུ་ཡིན་པ་མཚོན་འདུག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།