ཀྲུང་གོ་བོད་ཀྱི་དྲ་བ།

སའི་གོ་ལ་ཡོངས་སུ་བུད་མེད་ཀྱི་ཚེ་ཐག་ནི་སྐྱེས་པ་ལས་རིང་བ་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་མེ་རི་ཁའི་སྐྱེ་དངོས་རིག་པ་བས་ཞིབ་འཇུག་བྱས་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་ས་ཆ་གང་ཞིག་ཡིན་རུང་བུད་མེད་ཀྱི་ཚེ་ཐག་ནི་སྐྱེས་པ་ལས་རིང་། མིའི་རིགས་དེ་ལྟར་ཡིན་པར་མ་ཟད། བློ་ལྡན་སྲོག་ཆགས་ཚང་མ་ཡང་དེ་ལྟར་རེད།

ཚན་རིག་པ་རྣམས་ཀྱིས་རྒྱལ་ཁབ་མི་འདྲ་བ་ནས་ཡོང་བའི་མི་རྒྱུད་མི་འདྲ་བ་དྲུག་ལ་ཞིབ་འཇུག་བྱས་པ་དང་། དེའི་ནང་དུ་དེང་རབས་ཀྱི་མི་དང་གནའ་རབས་ཀྱི་མི་འདུས་ཡོད། ཁོ་ཚོས་དུས་རབས་སྔོན་མར་ཚེ་ཐག་ཇེ་རིང་དུ་སོང་བ་མངོན་གསལ་ཡིན་ནའང་། སྐྱེས་པ་དང་བུད་མེད་བར་གྱི་ཧེ་བག་སྔར་བཞིན་གནས་ཡོད་པ་ཤེས། དེའི་རྒྱུ་མཚན་ནི་བུད་མེད་དང་སྐྱེས་པའི་བར་གྱི་ཚེ་ཐག་གི་ཧེ་བག་ནི་རྒྱལ་ཁབ་མི་འདྲ་བ་དང་བསྟུན་ནས་མི་འདྲ་བ་ཡིན་ལ། ཚེ་ཐག་གི་ཧེ་བག་ཆེས་ཆེ་བ་ནི་ཨུ་རུ་སུ་ཡིན། དེ་ལ་ལོ10ཡི་ཧེ་བག་ལྡན། ཚེ་ཐག་གི་ཧེ་བག་ཆེས་ཆུང་བ་ནི་ནི་ཀྲེ་རི་ཡ་དང་ཧིན་རྡུ་ཡིན་མོད། འོན་ཀྱང་མི་རྒྱུད་གང་ཞིག་ཡིན་རུང་ཚེ་ཐག་ཆེས་རིང་བ་ནི་བུད་མེད་རེད།

དེ་ལས་གཞན། ཚན་རིག་པ་རྣམས་ཀྱིས་ད་དུང་བློ་ལྡན་སྲོག་ཆགས་གཞན་པར་ཞིབ་འཇུག་བྱས་པ་སྟེ། རིགས་མི་འདྲ་བའི་སྲོག་ཆགས་ཀྱི་ཚེ་ཐག་མི་འདྲ་ནའང་། རིགས་མཚུངས་ཀྱི་སྣང་ཚུལ་ཞིག་ཡོད། དཔེར་ན་ཕོ་སྤྲེལ་དང་མོ་སྤྲེལ་གྱི་ཚེ་ཐག་གི་ཧེ་བག་ཧ་ཅང་ཆུང་།ཚན་རིག་པ་རྣམས་ཀྱིས་མིག་སྔར་ད་དུང་སྣང་ཚུལ་འདིའི་རིགས་བྱུང་བའི་རྒྱུ་མཚན་གསལ་བཤད་བྱེད་མི་ཐུབ་མོད།འོན་ཀྱང་བཤད་སྲོལ་ཞིག་ཡོད་པ་ནི།སྐྱེས་པ་རྣམས་ཉེན་ཁའི་གནས་ཚུལ་མང་པོར་ཐུག་སྲིད་པར་མ་ཟད། ད་དུང་རླིག་རིལ་སྐུལ་རྩིས་རིམས་འགོག་མ་ལག་ལ་གནོད་འཚེ་ཐེབས་ཏེ། རིམས་འགོག་མ་ལག་ལ་གཏོར་བརླག་ཐེབས་པས། ཚེ་ཐག་ཇེ་ཐུང་དུ་བཏང་བ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། མིའི་རིགས་ཀྱི་ཆ་སྙོམས་ཚེ་ཐག་ནི་ལོ71ཡིན། འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ཁྲོད་ཆེས་དབུལ་བའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནས་ཆེས་ཕྱུག་པའི་ཡོ་རོབ་ཀྱི་རྒྱལ་ཁབ་བར། བུད་མེད་ཀྱི་ཚེ་ཐག་ནི་སྤྱིར་བཏང་གིས་སྐྱེས་པ་ལས་རིང་བས། བུད་མེད་ཀྱི་ཚེ་ཐག་ནི་ལོ73དང་། སྐྱེས་པའི་ཚེ་ཐག་ནི་ལོ68རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།