ཀྲུང་གོ་བོད་ཀྱི་དྲ་བ།

དུས་རྒྱུན་དུ་བདེ་ཐང་ཅན་གྱི་སྐོམ་ཆུའི་རིགས་འདེམ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 རྒྱལ་ཁབ་ཀྱི་སྲིད་ཇུས་ལེགས་ཤིང་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་བ་དང་བསྟུན་ནས། རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། འཚོ་བའི་ཐད་ཀྱི་དགོས་མཁོར་ཡང་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་མོད། འོན་ཀྱང་རོང་འབྲོག་ཁུལ་དུ་ཟས་རིགས་བདེ་བསྟེན་གྱི་ཐད་ལ་བསམ་བློ་མི་གཏོང་བར། ཟས་རིགས་གང་བྱུང་དུ་སྤྱོད་པའི་སྣང་ཚུལ་མང་པོ་འབྱུང་བཞིན་ཡོད་དེ། དཔེར་ན་ཁོ་ཚོས་ཉིན་རྒྱུན་འཚོ་བའི་ཁྲོད་ཐན་སྐྱུར་རིགས་ཀྱི་སྐོམ་ཆུ( 碳酸饮料)ཚད་ལས་བརྒལ་ཏེ་འཐུང་བཞིན་ཡོད་ཅིང་།བཏུང་བྱ་དེ་རིགས་འཐུང་རྒྱུ་ཚད་ལས་བརྒལ་ཚེ། དེས་མི་ལུས་བདེ་ཐང་ལ་གནོད་སྐྱོན་ཆེན་པོ་བཟོ་བར་བསམ་བློ་ཡེ་ནས་མི་གཏོང་བ་རེད། དེ་བས། འདིར་རོང་འབྲོག་མང་ཚོགས་ལ་བཏུང་བྱ་དེ་རིགས་མང་འཐུང་བྱེད་མི་རུང་ཞེས་ཡང་ཡང་སེམས་ནས་བསྐུལ་བ་ལགས།

  ཆུ་ནི་མིའི་ལུས་པོར་ཆེས་ཕན་པའི་བཏུང་བྱའི་རིགས་ཤིག་ཡིན་ལ། ཚེ་སྲོག་གི་འབྱུང་ཁུངས་ཀྱང་ཡིན། ལུས་སྟེང་དུ་ཆུ་འདང་ཚད་ཅིག་ཡོད་ན་ད་གཟོད་མིའི་ལུས་སྟེང་གི་གད་སྙིགས་དག་མཁལ་མ་བརྒྱུད་དེ་ཕྱིར་ཕུད་ཐུབ། དེང་སྐབས་འཚོ་བའི་ཆུ་ཚད་ཉིན་རེ་བཞིན་ཇེ་བཟང་དུ་ཡོང་བ་དང་བསྟུན་ནས། སྐོམ་ཆུའང་འདྲ་མིན་སྣ་ཚོགས་བྱུང་འདུག ཚན་རིག་དང་མཐུན་པའི་སྒོ་ནས་བལྟས་ན། མི་ཚང་མའི་ལུས་པོར་ཕན་པ་ནི་ཆུ་ཁོལ་ཡིན་པ་ལས་སྐོམ་ཆུ་འདྲ་མིན་སྣ་ཚོགས་མིན། ཆུ་ཁོལ་བཏུངས་ན་སྐོམ་སེལ་ཐུབ་པར་མ་ཟད། ད་དུང་ལུས་པོའི་དྲོད་ཚད་སྙོམས་པོར་གཏོང་བ་དང་ལུས་པོར་འཚོ་བཅུད་སྦྱིན་ཐུབ་ལ། ལུས་ཁོག་གཙང་བཅོས་བྱེད་པའི་ནུས་པའང་ལྡན། དེ་མིན་ཆུ་ཁོལ་ལ་ད་དུང་སྐྱེ་དངོས་འཇིབ་ཤུགས་དྲག་པོ་ལྡན་པས། ཕྲ་ཕུང་གི་ཪྙིང་ཚབ་གསར་བྱེད་དང་ནུས་ཚད་སྒྱུར་བ། ཁྲག་རྒྱུན་འཁོར་རྒྱུག་བཅས་ཀྱི་ཕྱོགས་སུ་ཕན་པ་ཆེན་པོ་ལྡན་པས། མིའི་ལུས་པོའི་རིམས་འགོག་ནུས་ཤུགས་ཇེ་ཆེར་གཏོང་ཐུབ་པ་དང་ལུས་པོའི་ནད་འགོག་ནུས་ཤུགས་ཀྱི་ཚད་ཇེ་མཐོར་གཏོང་ཐུབ། ཆུ་ཁོལ་ནི་མིའི་ལུས་པོར་མཚོན་ན་དགོས་མཁོ་ཧ་ཅང་ཆེ་བའི་རང་བྱུང་གི“བཏུང་བ”གལ་ཆེན་ཞིག་ཡིན།

  ཐན་སྐྱུར་རིགས་ཀྱི་སྐོམ་ཆུ་ཉུང་འཐུང་བྱེད་དགོས།

  སྤྱིར་བཏང་དུ་སྐོམ་ཆུའི་ནང་གི་མངར་རྒྱུའི་འདྲེས་ཚད་དང་དྲོད་ཚད་མཐོ་ལ། སྐོམ་ཆུའི་ནང་གི་སིལ་མངར་གྱིས་ལུས་པོས་ཟངས་སྡུད་ལེན་བྱེད་པར་བཀག་འགོག་ཐེབས་པ་ཡིན་པས་ཟུངས་ཁྲག་ཉམས་པའི་ནད་རིགས་འབྱུང་སླ། སྐོམ་ཆུའི་ནང་གི་མིས་བཟོས་མདོག་རྒྱུ་དང་རུལ་འགོག་རྫས་ལུས་པོ་སྟེང་དུ་གསོག་པའི་ཚད་མང་དྲགས་ན་ཟས་རིགས་འཇུ་དཀའ་བའི་གནས་ཚུལ་འབྱུང་སླ་བ་ཡིན། སྐོམ་ཆུའི་ནང་གི་གློག་འབྱེད་དངོས་རྫས་འབོར་ཆེན་གྱིས་མིའི་མཁལ་མར་གནོད་འཚེ་ཐེབས་པ་དང་། དེ་མིན་མིའི་ཐབས་ཀྱིས་གཙང་མར་བཟོས་པའི་ཆུ་ནི་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་དུ་ཆུའི་ནང་གི་མིའི་ལུས་པོར་ཕན་པའི་རྫས་མང་པོ་ཞིག་ཤོར་འགྲོ་བས། ཡུན་རིང་པོར་མིའི་ཐབས་ཀྱིས་གཙང་མར་བཟོས་པའི་ཆུ་བཏུངས་ན་ལུས་པོར་ཕན་པ་མེད།

  ཐན་སྐྱུར་རིགས་ཀྱི་སྐོམ་ཆུ་ཟེར་བ་ནི་སྤྱིར་བཏང་དུ་དབུགས་ལྡན་འཐུང་རྒྱུ(དབྱང་གཉིས་ཐན་འགྱུར)ཡིན། ཚན་རིག་པ་མང་ཆེ་བས་ར་སྤྲོད་བྱུང་བར་ལྟར་ན། མི་སུ་དང་སུ་ཞིག་ཡིན་རུང་ཐན་སྐྱུར་རིགས་ཀྱི་སྐོམ་ཆུ་འཐུང་ན་གནོད་པ་ཆེན་པོ་ལྡན་པ་དང་། ལྷག་པར་བྱིས་པ་རྣམས་ཀྱིས་ཐན་སྐྱུར་རིགས་ཀྱི་སྐོམ་ཆུ་བཏུངས་ན་གནོད་པ་ཧ་ཅང་ཆེན་པོ་ལྡན། དཔེར་ན། ཐན་སྐྱུར་རིགས་ཀྱི་སྐོམ་ཆུ་བཏུངས་རྗེས་མིའི་འཇུ་སྟོབས་ཞན་པ་དང་སོ་རུལ་བ། ལུས་པོར་ཚོ་གསོག་པ། རུས་པ་སོབ་པ། བྱིས་པའི་རུས་ཀྲང་སྐྱེ་ཚད་དལ་བ་བཅས་ཀྱི་ནད་རྟགས་འབྱུང་ངེས་རེད།

  ཞིབ་འཇུག་བྱས་པ་ལྟར་ན། དབྱང་གཉིས་ཐན་འགྱུར་གྱི་ཚད་ངེས་ཅན་ཞིག་འདང་ན་སྐོམ་ཆུའི་ནང་གི་ནད་འབུ་གསོད་ཐུབ་པ་དང་འབུ་ཕྲ་འགོག་གནོན་གྱི་ནུས་པ་ཐོན་ཐུབ། དེ་མིན་ད་དུང་ལུས་པོའི་དྲོད་ཚད་ཇེ་དམའ་རུ་གཏོང་ཐུབ་མོད། འོན་ཀྱང་དབྱང་གཉིས་ཐན་འགྱུར་མང་དྲགས་ན་རྒྱུ་མའི་ནང་གི་འབུ་ཕྲའང་དེ་དང་མཉམ་དུ་འགོག་གནོན་བྱེད་པ་དང་ཆབས་ཅིག

  མིའི་རྒྱུ་མའི་ནང་གི་ཕན་ལྡན་འབུ་ཕྲ་དག་ཀྱང་གསོད་ངེས་ཡིན་པས་འཇུ་བྱེད་མ་ལག་ལ་གཏོར་བརླག་ཐེབས་པའི་དབང་གིས་འཇུ་སྟོབས་ཇེ་ཞན་དུ་འགྲོ་ངེས། ཐན་སྐྱུར་རིགས་ཀྱི་སྐོམ་ཆུ་འཐུང་རྒྱུ་མང་ན་ཁོག་པ་སྦོས་པ་དང་ཟས་ལ་ཡི་ག་མིད་པ། ཡང་ན་ཕོ་རྒྱུའི་ནུས་པ་ཇེ་ཞན་དུ་འགྲོ་བའི་གནས་ཚུལ་ཡང་འབྱུང་སླ། ཐན་སྐྱུར་རིགས་ཀྱི་སྐོམ་ཆུ་མང་དུ་བཏུངས་ན་མངར་རྒྱུ་ཆེ་བས་ཚོ་གསོག་སླ་བ་ཡིན། དེས་མི་ཚད་ད་དུང་གཅིན་སྙི་ཟ་ཁུ་ནད་ཀྱི་འབྱུང་རྐྱེན་གཙོ་བོའང་དེ་ཡིན།

  ཡུན་རིང་དུ་ཉར་བ་དང་བྲོ་བ་ཞིམ་པོ་ཡོང་བའི་ཆེད་དུ། ཐན་སྐྱུར་རིགས་ཀྱི་སྐོམ་ཆུའི་ནང་དུ་ཟས་རིགས་སྦྱོར་རྟ་མང་པོ་བསྲེས་ཡོད་ལ། ཐན་སྐྱུར་རིགས་ཀྱི་སྐོམ་ཆུའི་ནང་དུ་ད་རུང་ལིན་སྐྱུར་བསྲེས་ཡོད་པས། མིའི་ལུས་པོར་མཚོན་ན་ལིན་སྐྱུར་མང་དྲགས་ན་ཀལ་སྡུད་ལེན་བྱེད་དཀའ། དེ་བས་ཀལ་དང་ཐན་སྐྱུར་གྱི་བསྡུར་ཚད་མ་སྙོམས་ན་བྱིས་པའི་རུས་སྒྲོམ་སྐྱེས་ཚད་དལ་བར་མ་ཟད་རུས་སོབ་ནད་འབྱུང་སླ་བ་ཡིན།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།