ལག་ཁྱེར་ཁ་པར་གྱི་གཡོ་འོག་ཏུ་ཚུད་པའི་གྱོང་གུན་གསབ་ཐབས།

 དཔེ་མཚོན།

  ན་ནིང་གི་ཟླ10པའི་ཟླ་མཇུག་ཏུ།ལོ་ན70ཅན་གྱི་རྒན་པ་ཞིག་གིས་ཟི་ལིང་གྲོང་ཁྱེར་ལི་རང་ཅེ་མངག་གཏོང་ཁང་ལ་ཁ་པར་བཏང་ནས།ཁོ་རང་ད་སོ་མ་ལག་ཁྱེར་ཁ་པར་གྱི་གཡོ་འོག་ཏུ་ཚུད་དེ་སྒོར་ཁྲི15ཡི་གྱོང་གུན་ཐེབས་པར་བཤད།

  རྒན་པས་མི་དམངས་ཉེན་རྟོག་པར་བཤད་རྒྱུར།རང་ཉིད་ཀྱི་མིང་ལ་བཟོད་པ་ཟེར་བ་དང་།ད་སོ་མ་བུ་མོའི་ལག་ཁྱེར་ཁ་པར་སྟེང་དུ་སྒོར་མོ་བཞག་ཅིང་།སྒོར་མོ་བཞག་ཚར་མ་ཐག་ཆ་བསགས་བྱ་དགའ་ཡོད་པའི་འཕྲིན་ཐུང་འབྱོར།ཨ་ཁུ་བཟོད་པས་ད་རུང་ཆེད་དུ་འཕྲིན་ཐུང་བསྐུར་ཡོང་བའི་ཨང་གྲངས་ལ་ཞིབ་ཏུ་བལྟས་པ་ན།འཁོར་སྐྱོད་འཚོང་གཉེར་མཁན་གྱི་དཔོན་ཕྱོགས་ཨང་གྲངས10086ཡིན་པས།ད་གཟོད་འཕྲིན་ཐུང་སྟེང་གི་མཛུབ་སྟོན་ལྟར་ལག་བསྟར་བྱས།ཨ་ཁུ་བཟོད་པས་འཕྲིན་ཐུང་ལྟར་འབྲེལ་མཐུད་བྱས་རྗེས།རང་ཉིད་ཀྱི་དངུལ་བྱང་གི་ཨང་གྲངས་དང་གསང་གྲངས་ནང་འཇུག་བྱས་པ་རེད།བསམ་ཡུལ་ལས་འདས་པ་ཞིག་ལ།སྐར་མ་གཉིས་མ་འགོར་བར་ཁོའི་ལག་ཁྱེར་ཁ་པར་སྟེང་དུ་དངུལ་ཁང་གིས་སྒོར་མོ་བཅག་པའི་འཕྲིན་ཐུང་འབྱོར་བ་དང་།རང་ཉིད་ཀྱི་དངུལ་བྱང་སྟེང་གི་སྒོར་ཁྲི15དུས་ཡུན་དེ་ཙམ་གྱི་རིང་ལ་རྩིས་ཐོ་སྤོས་ཟིན་པ་ཚོར།

  དེ་ནས་མི་དམངས་ཉེན་རྟོག་པའི་མཛུབ་སྟོན་འོག ཨ་ཁུ་བཟོད་པ་མྱུར་དུ་ཐག་ཉེ་སའི་དངུལ་ཁང་དུ་སོང་བ་དང་།དངུལ་ཁང་གི་ལས་བྱེད་པས་མྱུར་དུ་ཅིག་ཤོས་དངུལ་ཁང་གི་རྩིས་ཐོ་གསང་གྲངས་བརྗེས་ཏེ།ཅིག་ཤོས་ཀྱི་དངུལ་ཁང་བྱང་བུ་དེ་དུས་ཚོད24ནང་སྤྱོད་མཚམས་འཇོག་ཏུ་བཅུག་མོད།འོན་ཀྱང་ཅིག་ཤོས་ཀྱིས་སྒོར་མོ་ལེན་མི་ཐུབ་པར་བྱ་དགོས་ན།ངེས་པར་ཅིག་ཤོས་ཀྱིས་ཐོ་ཁུངས་འཛུགས་སའི་དངུལ་ཁང་དེའི་ནང་དུ་སོང་ན་མ་གཏོགས་སྒོར་མོ་ངེས་པ་དོན་གྱིས་བསྡམས་བཅད་བྱེད་མི་ཐུབ།འབྲེལ་ཡོད་ལས་བྱེད་པས་ཨ་ཁུ་བཟོད་པའི་ལག་ཁྱེར་ཁ་པར་སྟེང་གི་འཕྲིན་ཐུང་ལ་ཞིབ་བཤེར་བྱས་པ་ན།མཇུག་མཐར་འཕྲིན་ཐུང་དེ་ནི་དཔོན་ཕྱོགས་ཚོང་མགྲོན་ཞབས་ཞུའི་བསྐུར་བ་མིན་པར། མགོ་བསྐོར་གཏོང་མཁན་གྱིས་འཕྲིན་ཚིགས་རྫུན་མའི་སྟེང་ནས་བཟོས་པའི་ཨང་གྲངས་རིགས་མཚུངས་ཀྱིས་བསྐུར་བ་རེད།

  དེའི་རྗེས་སུ་ཧང་ཀྲོའུ་ཉེན་རྟོག་པས་དངུལ་བྱང་ཐོ་ཁུངས་འཛུགས་མཁན་གྱི་ཧྲིན་ཆེ་གེ་མོ་བཙལ་ནས་ཪྙེད་མོད།འོན་ཀྱང་ཞིབ་བཤེར་བྱས་རྗེས།ཧྲིན་ཆེ་གེ་མོ་ནི་མགོ་བསྐོར་གཏོང་མཁན་མིན་པ་ཤེས།དོན་དངོས་ནི།ཧྲིན་ཆེ་གེ་མོས་ཐོབ་ཐང་ལག་ཁྱེར་བོར་སོང་བ་དང་།ཡུལ་ཐག་རིང་བའི་དབང་གིས་ཕྱིར་སོང་ནས་གསབ་སྒྲུབ་བྱེད་ཁོམ་མ་བྱུང་བ་དང་།མ་བསམ་ས་ནས་ཐོབ་ཐང་ལག་ཁྱེར་དེ་མགོ་བསྐོར་གཏོང་མཁན་གྱིས་ཪྙེད་དེ་དངུལ་ཁང་གི་བྱང་བུ་དེ་ལས་ཟིན།གཟའ་འཁོར་གཅིག་གི་རྗེས་སུ།ཧྲིན་ཆེ་གེ་མོས་ཉེན་རྟོག་པར་ཁ་པར་བཏང་ནས་གནས་སྐབས་ཀྱི་ཐོབ་ཐང་ལག་ཁྱེར་གསབ་སྒྲུབ་བྱས་ཚར་བར་བཤད་པས།མི་དམངས་ཉེན་རྟོག་པ་ཐེངས་གསུམ་པར་ཧང་ཀྲོའུ་ལ་སོང་ནས།ཧྲིན་ཆེ་གེ་མོའི་དངུལ་བྱང་སྟེང་གི་སྒོར་ཁྲི14.5བླངས་ནས་ཨ་ཁུ་བཟོད་པར་སྤྲད་པ་རེད།

  དྲན་སྐུལ།

  གཡོ་ཐབས་འདིའི་རིགས་ཀྱི་འོག་ཏུ་ཚུད་ན།གཡོ་འོག་ཏུ་ཚུད་རྗེས་ཀྱི་སྐར་མ5དམ་འཛིན་ལེགས་པོ་བྱ་དགོས་པ་སྟེ།

  གོམ་པ་དང་པོ།མྱུར་དུ་ཉེན་རྟོག་པར་ཡར་ཞུ་བྱ་དགོས་པ་དང་།དེ་ནས་དངུལ་ཁང་དུ་སོང་ནས་སྒོར་མོ་བསྐུར་བའི་དངུལ་ཁང་གི་རྩིས་ཐོ་འཚོལ་ཞིབ་བྱས་ཏེ།ཁོངས་གཏོགས་དངུལ་ཁང་འཚོལ་དགོས།གོམ་པ་གཉིས་པ།དངུལ་ཁང་དེའི་དྲ་ཐོག་དངུལ་ཁང་གི་རྩིས་ཐོ་ནང་ཞུགས་ཏེ།“སྒེར་གྱི་མགྲོན་པོ་ནང་འཇུག”ཞེས་པ་བདམས་རྗེས།སྒོར་མོ་བསྐུར་བའི་དངུལ་བྱང་གི་ཨང་གྲངས་གནོན་དགོས་པར་མ་ཟད།ནོར་འཁྲུལ་ཅན་གྱི་གསང་གྲངས་ཐེངས་གསུམ་ལ་གང་བྱུང་དུ་གནོན་དགོས།གོམ་པ་གསུམ་པ།དངུལ་ཁང་དེའི་སྐུ་མགྲོན་ཞབས་ཞུའི་ཨང་གྲངས་སྟེང་ཁ་པར་བཏང་ནས། ཡང་བསྐྱར་དངུལ་བྱང་གི་ཨང་གྲངས་གནོན་པ་དང་།ནོར་འཁྲུལ་ཅན་གྱི་གསང་གྲངས་ཐེངས་གསུམ་ལ་མནན་ན།ཁ་པར་དངུལ་ཁང་གིས་མ་དངུལ་བསྡམས་བཅད་བྱ་སྲིད།(གོང་གི་བྱ་བ་འདི་དག་ནི་གང་ཐུབ་ཀྱིས་གཡོ་འོག་ཏུ་ཚུད་རྗེས་ཀྱི་སྐར་མ5ཡི་ནང་འགྲུབ་ཏུ་འཇུག་དགོས།རྒྱུ་མཚན་ནི་མགོ་བསྐོར་གཏོང་མཁན་གྱི་མྱུར་ཚད་ཤིན་ཏུ་མགྱོགས་པས།འཕྲལ་མ་ཉིད་དུ་མ་དངུལ་སྤོ་བསྒྱུར་བྱས་ཏེ།གྱོང་གུན་ཐེབས་པའི་སྒོར་མོ་དེ་ཕྱིར་ལོན་དཀའ་བར་འགྱུར་སྲིད་དོ།།)

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།