ན་ཚོད་ཀྱི་བཀག་རྒྱ་གློད་རྗེསHPVའགོག་སྨན་གང་ཞིག་བསྟེན་ན་ལེགས་སམ།

དགུ་ཐུབHPVའགོག་སྨན་རྒྱག་ཡུལ་གྱི་ན་ཚོད་བཀག་རྒྱ་ཇེ་ཆེར་བཏང་བའི་གནས་ཚུལ་དེ་ཧ་ལམ་ཀུན་གྱིས་ཤེས་ཡོད་སྲིད།

སྔོན་ཆད་དགུ་ཐུབ་འགོག་སྨན་རྒྱག་འདོད་ཀྱང་། ན་ཚོད་ཀྱི་བཀག་རྒྱ་དོག་པས་མང་པོ་ཞིག་གིས་རྒྱག་མི་ཐུབ། ཡིན་ནའང་། ད་ལྟ་ན་ཚོད་ཀྱི་བཀག་རྒྱ་དེ་ལོ16ནས26བར་ནས་ལོ9ནས45བར་དུ་རྒྱ་བསྐྱེད་ཡོད་པས། བུད་མེད་མང་པོ་ཞིག་ལ་དགུ་ཐུབ་འགོག་སྨན་རྒྱག་པའི་ཆ་རྐྱེན་ཡོངས་སུ་ཚང་བར་གྱུར་ཡོད། ཁོ་མོ་ཚོར་ཐེ་ཚོམ་ཉག་ཅིག་ཡོད་པ་ནིHPVའགོག་སྨན་རིགས་གསུམ་ཡོད་པ་ལས་གང་ཞིག་བརྒྱབ་ན་བཟང་ངམ་སྙམ་པ་དེ་རེད།

མངལ་སྐྲན་གྱི་སྔོན་འགོག་ལ་གཞིགས་ནས་བཤད་ན། HPVནད་དུག་ལ་ནང་གསེས་རིགས་སྣ200ལྷག་ཡོད་ལ། དེའི་ཁྲོད་མངལ་སྐྲན་སློང་བར་བྱེད་པའི་ནད་དུག་ནི་རིགས་སྣ10ལྷག་ཡོད་པར། ཉེན་ཚབས་ཅན་གྱིHPVཟེར་བ་ཡིན།

མངལ་སྐྲན་འགོག་བཅོས་ཀྱི་ཕན་འབྲས་ལ་གཞིགས་ནས་བཤད་ན། དགུ་ཐུབ་འགོག་སྨན་གྱིས་ཉེན་ཚབས་ཆེ་བའིHPVརིགས་སྣ7སྔོན་འགོག་བྱེད་ཐུབ་པས། མངལ་སྐྲན་དང་སྐྲན་མ་ཆགས་སྔོན་གྱི་ནད་འགྱུར90%ལས་བརྒལ་བ་སྔོན་འགོག་བྱེད་ཐུབ་ཀྱིན་ཡོད། དུས་མཚུངས་སུ་དེས་ད་དུང་ཉེན་ཚབས་ཆུང་བའིHPVརིགས་སྣ་གཉིས་ཀྱང་སྔོན་འགོག་བྱེད་ཐུབ་ལ། 90%ལས་བརྒལ་བའི་མཚན་མའི་འབྲུམ་ཐོར་ལ་སྔོན་འགོག་གི་ནུས་པ་ལྡན། དེ་བས་སྔོན་འགོག་གི་ཕན་འབྲས་ལ་བལྟས་ན་དགུ་ཐུབ་འགོག་སྨན་ནི་ཆེས་བཟང་བ་དེ་ཡིན།

གཉིས་ཐུབ་དང་བཞི་ཐུབ་འགོག་སྨན་ནི་གཙོ་བོHPV16དང18སྟེ་ཉེན་ཚབས་ཆེ་བའི་རིགས་སྣ་གཉིས་ལ་ཁ་གཏད་པ་ཡིན་ལ། མངལ་སྐྲན་དང་སྐྲན་འགྱུར70%ནས80%ཙམ་ལ་སྔོན་འགོག་གི་ནུས་པ་ཐོན། བཞི་ཐུབ་འགོག་སྨན་གྱིས་ཉེན་ཚབས་ཆུང་བའིHPVརིགས་སྣ་གཉིས་ལའང་ནུས་པ་ཐོན་ཞིང་། མཚན་མའི་འབྲུམ་ཐོར་སྔོན་འགོག་བྱེད་ཐུབ། དེ་བས། གཉིས་ཐུབ་དང་བཞི་ཐུབ་ཀྱི་ནུས་པ་ལ་ཁྱད་པར་ཆེན་པོ་མེད།

འགྲོ་གྲོན་གྱི་ངོས་ནས་བཤད་ན། ནང་འདྲེན་བྱས་པའི་གཉིས་ཐུབ་དང་བཞི་ཐུབ་འགོག་སྨན་གཉིས་དགུ་ཐུབHPVའགོག་སྨན་དང་འདྲ་བར། ཚང་མར་སྨན་ཁབ་གསུམ་རྒྱག་དགོས།

གཞུང་བཙུགས་སྨན་ཁང་ཕལ་ཆེ་བར། དགུ་ཐུབ་འགོག་སྨན་གྱི་རིན་གོང་ནི་སྒོར1303.5ཡིན་ལ། བཞི་ཐུབ་འགོག་སྨན་ལ་སྒོར803.5དང་གཉིས་ཐུབ་འགོག་སྨན་ལ་སྒོར585.5ཡིན།

གཞན་དུ། གཉིས་ཐུབHPVའགོག་སྨན་ད་སྐབས་རྒྱལ་ནང་ནས་ཐོན་སྐྱེད་བྱས་པའང་ཡོད། ལོ9ནས་ལོ14བར་གྱི་བུ་མོ་རྣམས་ཀྱིས་སྨན་ཁབ་གཉིས་བརྒྱབ་པས་ཆོག་ལ། ལོ15ནས45བར་གྱི་བུད་མེད་རྣམས་ཀྱིས་སྨན་ཁབ་གསུམ་རྒྱག་དགོས། རིན་གོང་ལ་སྒོར329ཡིན།

གཉིས་ཐུབ་འགོག་སྨན་གྱི་རིན་གོང་ཆེས་དམའ་བ་མངོན་གསལ་རེད། གལ་ཏེ་རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་གཉིས་ཐུབ་འགོག་སྨན་བདམས་པར་མ་ཟད། སྨན་ཁབ་གཉིས་བརྒྱབ་ཆོག་པའི་ཆ་རྐྱེན་དང་མཐུན་ཚེ། བསྡོམས་པས་སྒོར658ལས་མི་འགྲོ། རིན་གོང་ཆེས་མཐོ་བ་ནི་དགུ་ཐུབ་འགོག་སྨན་ཡིན་ལ། བསྡོམས་པས་སྒོར3910.5ཡིན་པ་རེད།

སྨན་ཁབ་རྒྱག་པའི་དུས་ཡུན་ལ་གཞིགས་ནས་བཤད་ན། ནང་འདྲེན་བྱས་པའི་གཉིས་ཐུབ་བཞི་ཐུབ་དགུ་ཐུབHPVའགོག་སྨན་དང་། ཡང་ན་རྒྱལ་ནང་གི་གཉིས་ཐུབHPVའགོག་སྨན་གང་ཞིག་བསྟེན་རུང་། ཚང་མར་ཟླ6རིང་གི་དུས་ཡུན་དགོས་པས་ཁྱད་པར་ཆེན་པོ་མེད།

ནང་འདྲེན་བྱས་པའི་གཉིས་ཐུབ་འགོག་སྨན་ནི་ཟླ0པ་དང1པ་དང6པ་བཅས་སུ་བསྟེན་དགོས་ལ། རྒྱལ་ནང་གི་གཉིས་ཐུབ་འགོག་སྨན་ལས་སྨན་ཁབ་གཉིས་རྒྱག་མཁན་གྱིས་ཟླ0པ་དང་ཟླ6པར་བསྟེན་དགོས་པ་དང་། སྨན་ཁབ་གསུམ་རྒྱག་མཁན་གྱིས་ཟླ0པ་དང1པ་དང6པར་བསྟེན་དགོས།

བཞི་ཐུབ་འགོག་སྨན་ནི་ཟླ0པ་དང2པ་དང6པར་བསྟེན་དགོས། དགུ་ཐུབ་འགོག་སྨན་ཡང་ཟླ0པ་དང2པ་དང6པར་བསྟེན་དགོས།

མོ་ནད་སྨན་པའི་བསམ་ཚུལ་ལ་གཞིགས་ནས་བཤད་ན། གཅིག་ནས་ཁོ་ཚོས་ཀྱང་དགུ་ཐུབ་འགོག་སྨན་ནི་ཕན་འབྲས་ཆེས་བཟང་བ་དེ་ཡིན་པ་ཁས་ལེན་མོད། ད་སྐབས་དགུ་ཐུབ་འགོག་སྨན་མང་པོ་མེད་པ་དང་རིན་གོང་ཅུང་མཐོ་བར་སྙམ་བཞིན་ཡོད། གཉིས་ནས་གཉིས་ཐུབ་དང་བཞི་ཐུབ་འགོག་སྨན་གྱི་མངལ་སྐྲན་འགོག་པའི་ནུས་པ་དེ་དགུ་ཐུབ་འགོག་སྨན་ལས་ཤིན་ཏུ་ཞན་པ་ཞིག་ཀྱང་མིན། དེ་བས་བུད་མེད་རྣམས་ཀྱིས་འགོག་སྨན་གང་བསྟེན་ཀྱང་མི་ལེགས་པ་ཆེར་མེད་དེ། འགོག་སྨན་གང་ཡོད་ན་དེ་བསྟེན་ནས་འགོག་སྲུང་སྔོན་དུ་འགྲོ་བ་ནི་གཙོ་བོ་ཡིན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།