ཀྲུང་གོ་བོད་ཀྱི་དྲ་བ།

མིག་གི་ངལ་དུབ་སེལ་བར་བྱེད་པ་ལ། ཀྲུང་ལུགས་གསོ་རིག་ལ་ཐབས་མཆོག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ། དུས་ཡུན་རིང་པོར་ཐག་ཉེ་ས་ནས་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་སྤྱད་ན་མིག་ལ་ངལ་དུབ་བསྐྱེད་པ་ཡིན། མིག་ལ་ངལ་དུབ་འབྱུང་བའི་སྐབས་སུ་ཇི་ལྟར་བྱེད་དགོས་པ་ཡིན་ནམ། ཁྲུང་ཆིན་གྲོང་ཁྱེར་ཆི་ཅང་ཆུས་ཀྲུང་ལུགས་སྨན་ཁང་གི་ཀྲུའུ་རེན་སྨན་པ་མེ་ལིང་གིས་གསང་མིག་ཕུར་གནོན་དང་ཇ་ཚབ་བཏུང་སྐྱེམས་སོགས་ཀྲུང་ལུགས་གསོ་རིག་གི་བཅོས་ཐབས་སྤྱད་ནས་ཞི་ལྷོད་དུ་གཏོང་སྟངས་འོས་སྦྱོར་བྱས་ཡོད།

གསང་མིག་ཕུར་གནོན་བྱེད་པ།

མིའི་མིག་གི་མཐའ་སྐོར་དུ་གསང་མིག་གལ་ཆེན་མང་པོ་ཡོད་པས། སྨིན་མ་དང་མིག་ཟུར་དང་མཁུར་གོང་བཅས་པའི་མིག་གི་མཐའ་འཁོར་ཀུན་ལ་མཛུབ་མོས་སྐོར་བ་བྱས་ནས་ཕུར་གནོན་བྱས་ན། མིག་ནད་གསོ་བཅོས་དང་མིག་གི་བདེ་ཐང་སྲུང་བར་ཕན་ཐོགས་ཆེ།

དེ་མིན། མིག་གཉིས་ཀྱི་ནང་ཕྱོགས་ཀྱི་མིག་ཟུར་ལས་ཅུང་ཟད་གོང་དུ་གཏད་ཕྱོགས་ཀྱི་ལྐོག་ཏུ་ལྷུང་བའི་གནས་ཀྱི་གཡས་གཡོན་གཉིས་སུ་སོ་སོར་མིག་གི་གསང་གནས་རེ་ཡོད་པ་དང་། དེ་ལ་མཐེ་བོང་གཉིས་ཀྱིས་མནན་ཆོག་པ་ཡིན། གནོན་ཕུར་བྱེད་སྐབས་མཐེ་བོང་གི་སྣེ་ཡར་བསྐོར་ཞིང་སྟེང་ཕྱོགས་ནས་ཤུགས་བཏོན་ནས་ཚ་བེར་ལངས་པར་བྱས་པས་འཐུས། གནོན་ཕུར་བྱེད་ཐེངས་རེར་སྐར་ཆ་བཅུ་ཕྲག་རེ་འགོར་རྗེས་བག་གློད་པ་དང་། དེ་རྗེས་སླར་ཡང་ཤུགས་བཏོན་ནས་ཡང་དང་བསྐྱར་དུ་བྱས་ན། ལྒང་རྩ་གཤོང་བ་དང་མིག་གི་ངལ་དུབ་སེལ་ཐུབ་པ་ཡིན།

ཇ་ཚབ་བཏུང་སྐྱེམས།

གཞན་ཡང་། འཕང་འབྲས་ཁེ15དང་ལུག་མིག་མེ་ཏོག་ཁེ6། རྩྭ་ཤ་ཁུའོ་ཁེ15། ལྕ་བ་ཁེ10། འཇིབ་རྩི་དམར་པོ་ཁེ10། རྩྭ་པདྨ་དཀར་པོ་ཁེ15སོགས་ཀྱི་སྨན་རྫས་ནང་དུ་ཆུ་འོས་འཚམ་བླུགས་ནས་སྐར་མ15ཡི་རིང་ལ་སྦངས་རྗེས། སྨན་རྫས་རྣམས་སླ་ངའི་ནང་འཇོག་ཅིང་ཆུ་འོས་འཚམ་བླུགས་ནས་སྐར་མ10ལ་གདུ་བ་དང་། དེ་རྗེས་སྙིགས་རོ་བསལ་ཏེ་གདུས་ཁུ་བཙགས་ནས་ཉིན་རེར་ཐེངས་རེ་བསྟེན་ན། མིག་ལ་ངལ་དུབ་འབྱུང་བ་དང་མིག་ལ་ན་ཟུག་སྐྱེ་བའི་ནད་རྟགས་ཞི་བར་བྱེད་པ་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།