ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དུས་རབས་གསར་པའི་གཡུལ་ས་གསར་སྐྲུན་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་ཏན་ཏིག་གིས་སྐུལ་འདེད་བྱེད་པ། འབུར་དུ་ཐོན་པའི“ཏང་གི་ལོ་རྒྱུས་དྲིལ་སྒྲོག་སློབ་གསོ”གཙོ་གནད་དུ་བཟུང་སྟེ། སྔ་གཞུག་ཏུ་མཚོ་ལྷོ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་འགྲེམ་སྟོན་ཁང་དང་གུང་ཧོ་ཚལ་རྔ་འགག་ཆུ་གློག་ས་ཚིགས་རྒྱལ་གཅེས་རིང་ལུགས་སློབ་གསོ་ཁང་། ཀོས་ནན་དཔའ་བོ་མུན་ཧི་རྗེས་དྲན་ཁང་། ཁྲི་ཀ་ཅོག་རོང་སྡེ་བའི་གཟི་བརྗིད་ལོ་རྒྱུས་འགྲེམ་སྟོན་ཁང་བཅས་ཀྱི་འགྲེམ་སྟོན་ནང་དོན་ཕུན་ཚོགས་སུ་བཏང་བར་མ་ཟད། ཁུལ་ཡོངས་ཀྱི་དཔའ་བོ་དཔེ་ལེགས་ཐང་ཆེན་དང་ས་གྲུ་བཞི་བྱེ་འགོག་བྱེ་བཅོས་ཀྱི་ལོ་རྒྱུས་འགྲེམ་སྟོན་ཁང་གསར་སྐྲུན་བྱས་པ་དང་། གསར་བརྗེ་ཐོན་ཁུངས་མིང་བྱང12དང་གསར་བརྗེ་ཉམས་ལེན་ལམ་ཐིག4གཏན་འཁེལ་བྱས་ཏེ། མཚོ་ལྷོའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དུས་རབས་གསར་པའི་གཡུལ་ས་ནུས་ཤུགས་གང་ཡོད་སྒོས་བསྐྲུན་ཅི་ཐུབ་བྱས།

དུས་རབས་ཀྱི་འགག་རྩ་དམ་འཛིན་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཡུལ་ས་འཛུགས་སྐྲུན་གྱི་མཐོ་གནས་ཇུས་འགོད་བྱས་པ།

མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་གི་ལོ་རྒྱུས་དྲིལ་སྒྲོག་སློབ་གསོའི་གཡུལ་སའི་འཛུགས་སྐྲུན་བྱ་བར་ཚད་མཐོན་པོས་ཐུགས་ཁུར་བྱས་ཏེ། 《མཚོ་ལྷོ་ཁུལ་གྱི་ཏང་གི་ལོ་རྒྱུས་བྱ་བའི་ལོ་གསུམ་འཆར་གཞི》ཞེས་པ་ཞིབ་འཇུག་བྱས་ཏེ་བཏོན་པ་དང་།“རྨང་གཞི་བཟོ་འགོད”ཤུགས་ཆེན་པོའི་ངང་ལག་བསྟར་བྱེད་དགོས་པའི་གྲོས་གཞི་བཏོན་པར་མ་ཟད། གསར་བརྗེ་རྗེས་ཤུལ་གསར་སྤེལ་དང་བེད་སྤྱོད་བྱེད་མགོ་བརྩམས་ལ། ཏང་གི་ལོ་རྒྱུས་གཙོ་ཐིག་ཏུ་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་འབད་བརྩོན་ལམ་བུ་ཁྱོན་ཡོངས་ནས་འགྲེམ་སྟོན་བྱེད་ཐུབ་པའི་ཡུན་གནས་རང་བཞིན་གྱི་སློབ་གསོའི་རྟེན་གཞི་བཙུགས་ཏེ། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་ཏང་གི་ལོ་རྒྱུས་རིག་གནས་གསར་སྤེལ་དང་ཁྱབ་སྤེལ་བྱེད་པར་གཡུལ་ས་མཁོ་སྤྲོད་བྱས།

2020ལོའི་ཟླ12པར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་མཚོ་ལྷོ་འཐུས་ཚབ་ཚོགས་པས་ཚན་ཆུང་བགོས་ཏེ་བགྲོ་གླེང་བྱེད་པའི་སྐབས་སུ། ཚོགས་ཞུགས་འཐུས་ཚབ་པས་མཚོ་ལྷོ་ཁུལ་གྱི་དུས་སྐབས་མི་འདྲ་བའི་གསར་བརྗེ་ལོ་རྒྱུས་དང་འཐབ་རྩོད་ལོ་རྒྱུས། འཛུགས་སྐྲུན་ལོ་རྒྱུས་དང་འཕེལ་རྒྱས་ལོ་རྒྱུས་སོགས་ཀྱི་འགྲེམ་སྟོན་ཁང་འཛུགས་སྐྲུན་བྱེད་དགོས་པར་སྙམ་ལ། ཏང་གི་ལོ་རྒྱུས་སློབ་གསོའི་གཡུལ་ས་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་གཙོ་བོ་སྔར་ལས་གསལ་པོར་བཏང་སྟེ། ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་ཞིང་ཆེན་ཡོངས་ཀྱི“ཚད་གཞི”དང“མ་དཔེ”རུ་གསར་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན།

ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དངོས་འབེབས་བྱེད་པ་དེ་གོ་སྐབས་ཤིག་ཏུ་བརྩི་བ་དང་། མཚོ་ལྷོ་ཁུལ་གྱི་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བྱས་པའི་རྨང་གཞིའི་ཐོག “ཚགས་པར་གཅིག་དང་དུས་དེབ་གཅིག དྲ་རྒྱ་གཅིག སྟེགས་བུ་གཅིག ཚོགས་པ་གཅིག”བཅས་ཀྱི་ཏང་གི་ལོ་རྒྱུས་དྲིལ་སྒྲོག་བྱེད་པའི་གཡུལ་ས་འཛུགས་སྐྲུན་བྱེད་པ་དམ་དུ་བཟུང་། 《མཚོ་ལྷོ་ཚགས་པར》དང《དེ་རིང་གི་ཁྲི་ཀ》སོགས་ཀྱི་ཚགས་པར་ལ་བརྟེན་ནས། ཏང་གི་ལོ་རྒྱུས་ཆེད་སྒྲིག་ལེ་ཚན་གསར་དུ་བཙུགས་ནས་ཏང་གི་གཞུང་ལུགས་དྲིལ་སྒྲོག་བྱས། 《མཚོ་ལྷོའི་བྱ་བ》དང《མཚོ་ལྷོ་རྩོམ་རིག》སོགས་ཁུལ་ནང་ཁུལ་གྱི་དུས་དེབ་བེད་སྤྱད་དེ། ཏང་གི་ལོ་རྒྱུས་སྐོར་གྱི་ཆེད་སྒྲིག་ལེ་ཚན་སྒྲིག་བཀོད་བྱས་ཏེ་ཏང་གི་ལོ་རྒྱུས་བྱ་བའི་གྲུབ་འབྲས་མུ་འགོད་བྱས།《མཚོ་ལྷོ་ཁུལ་གྱི་སྲིད་གཞུང་དྲ་བ》དང《མཚོ་སྔོན་པོ་དྲ་བ》སོགས་དྲ་ཚིགས23ལ་བརྟེན་ནས།“དྲ་ལམ་འཕྲིན་ལམ”བརྒྱུད་དེ་ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་དུ་བཏང་། ཁུལ་དང་རྫོང་གི་རྒྱང་སྒྲོག་བརྙན་འཕྲིན་གྱི་ཐོན་ཁུངས་བུབ་བསྒྲིལ་གྱིས་ཏང་གི་ལོ་རྒྱུས་དྲིལ་སྒྲོག་བྱས་ཏེ། ཞིང་སྡེ་དང་འབྲོག་ཁུལ་ཡོངས་སུ་ཁེབས་པར་བྱས། ཁུལ་ཨུའི་དྲིལ་སྒྲོག་ཚོགས་པ་དང་ཏང་གི་སློབ་གྲྭའི་དགེ་རྒན་ཚོགས་པ། བུད་མེད་སྒྲོག་འགྲེལ་ཚོགས་པ་སོགས་ཀྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཏང་གི་གསུང་སྐད་ཁྱབ་སྤེལ་དང་ཏང་གི་གཏམ་རྒྱུད་ལེགས་པོར་བརྗོད་དེ། རྒྱུན་ཆད་མེད་པར་ཏང་གི་ལོ་རྒྱུས་དྲིལ་སྒྲོག་སློབ་གསོའི་གཡུལ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི་ཁྲོད་མཚོ་ལྷོའི་འགན་འཁྲི་མངོན་པ་དང་མཚོ་ལྷོའི་ཟོང་རྟགས་གསར་སྐྲུན། མཚོ་ལྷོའི་ཉམས་མྱོང་མཁོ་སྤྲོད་བཅས་བྱས།

ཆབ་སྲིད་རང་རྟོགས་ཇེ་དྲག་ཏུ་བཏང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཡུལ་ས་འཛུགས་སྐྲུན་གྱི་རྣམ་པ་ཕུན་ཚོགས་སུ་བཏང་བ།

“ད་ལྟ་ཁ་པར་ཁ་ཕྱེ་ཚེ་སློབ་སྦྱོང་ནི་གང་ནས་ཀྱང་བྱེད་ཐུབ། ཁྱོད་ཀྱིས་ལྟོས་དང་། ད་ལྟ་ང་ཚོར‘མཚོ་ལྷོ་ཏང་གི་ལོ་རྒྱུས’དང‘མཚོ་ལྷོའི་ཏང་དར་དམར་པོའི’སྐད་འཕྲིན་སྤྱི་སྟེགས་ཡོད་པ་དང་།‘སོ་སྲུང་རོགས་རེས’ཞེས་པའི་ཏང་གི་ལོ་རྒྱུསAppཡིས《སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས》ཞེས་པ་སོགས་ཏང་གི་སློབ་ཐུན་ཕྲན་བུ་རབ་དང་རིམ་པ་ཞིག་བཏོན་ཡོད། དེར་མ་ཟད་ཁུལ་དང་རྫོང་གི་སྨྱན་སྦྱོར་གཅིག་གྱུར་ཅན་གྱི་དྲིལ་སྒྲོག་དཔེ་དབྱིབས་བཙུགས་ནས།《ལོ་བརྒྱ་དང་མི་བརྒྱ》ཞེས་པ་སོགས་ཀྱི་ཏང་གི་ལོ་རྒྱུས་ཆེད་སྒྲིག་ལེ་ཚན་ཇུས་འགོད་དང་གསར་འཛུགས་བྱས།《གུང་ཧོ་པར་དེབ》དང《ཏང་གི་འོད་ཟེར་ང་ཡི་སེམས་སུ་འཕྲོས》ཞེས་པ་སོགས་ཀྱི་ཆེད་དོན་བརྙན་ཟིན་རབ་དང་རིམ་པ་ཕབ་སྐྲུན་དང་སྒྲོག་གཏོང་བྱས་ལ། དྲ་ལམ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་མང་བ་དང་སྟབས་བདེ་བཅས་ཡིན་པས། ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་པར་སྒེའུ་ཁུང་གསར་པ་ཞིག་ཕྱེ།”ཞེས་མཚོ་ལྷོ་ཁུལ་ཨུ་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་ལི་རིན་ལིན་གྱིས་ཁ་པར་ཐོག་ནས་མཚམས་སྦྱོར་བྱས་བྱུང་།

མཚོ་ལྷོ་ཁུལ་གྱིས་ཏང་གི་ལོ་རྒྱུས་དྲིལ་སྒྲོག“ཕྲན་གསུམ”(སྐད་འཕྲིན་སྤྱི་སྟེགས་དང་སློབ་ཐུན་ཕྲན་བུ། ཟིན་བྲིས་ཕྲན་བུ།)གྱི་སྟེགས་བུ་བསྐྲུན་པ་དང་སྦྲགས། དཔེ་དབྱིབས་གསར་སྐྲུན་བྱས་ཏེ་དྲ་ལམ་མིན་པའི་ཏང་གི་ལོ་རྒྱུས་སློབ་གསོ་བརྟན་པོར་བཏང་། མང་ཚོགས་ལ་ཁ་ཕྱོགས་ཏེ་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་གཏོང་རྣམ་པ་སྤྱད་དེ། གཞི་རིམ་གྱི་རོང་འབྲོག་པ་རྣམས་ལ“ལོ་བརྒྱའི་ཏང་གི་ལོ་རྒྱུས•ཉིན་རེར་ཀློག”ཅེས་པའི་ཏང་གི་ལོ་རྒྱུས་གཏམ་རྒྱུད་རབ་དང་རིམ་པ་ཞིག་བསྐྱལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་ཆེད། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་རིམ་བྱུང་གི་འབྲེལ་ཡོད་ནང་དོན་གུང་བསྒྲིགས་པར་མ་ཟད་བསྟུད་མར་སྒྲོག་གཏོང་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་ཤེས་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་དྲིན་གཟོ་བ། ནམ་ཡང་ཏང་གི་རྗེས་སུ་འབྲང་བར་སློབ་གསོ་དང་སྣེ་ཁྲིད་བྱས་ཤིང་། རྒྱ་ཆེའི་ཞིང་སྡེ་འབྲོག་ཁུལ་གྱི་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་སྟེ།“སྒྲོག་གཏོང་བྱས་པ་འདི་ཧ་ཅང་བཟང”ཞེས་བསྟུད་མར་བསྔགས་བརྗོད་ཐོབ།

དུས་མཚུངས་སུ། ལོ་ཆུང་གཞོན་ནུར་དམིགས་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་གཞོན་ནུའི་རིག་རྩལ་འཁྲབ་སྟོན་དང་ཕུལ་བྱུང་དཔེ་མཚོན་གཟེངས་བསྟོད་གསོལ་སྟོན་གྱི་བྱ་འགུལ་སྤེལ་ཏེ།“ལང་ཚོའི་གཡོར་མོ་མཚོ་ཡི་ལྷོ་རུ་ཕྱར”ཞེས་པའི་འཁྱུག་དབྱངས་སྤྱི་སྟེགས་སུ་ཏང་གི་ལོ་རྒྱུས་སློབ་གསོ་དྲིལ་སྒྲོག་བྱས།

ལོ་རྒྱུས་རིག་གནས་མཉམ་འདྲེས་སུ་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཡུལ་ས་འཛུགས་སྐྲུན་གྱི་གཙོ་གནད་ལ་སྐུལ་འདེད་བྱས་པ།

གུང་ཧོ་རྫོང་ས་གྲུ་བཞི་ཞང་གིས་ལོ་ངོ60ལྷག་གི་རིང་ལ་མི་རབས་ནས་མི་རབས་བརྒྱུད་དེ་ཞིང་སའི་འགོག་སྲུང་ནགས་རྒྱུད་འཛུགས་སྐྲུན་བྱས་པ་དང་། ས་ཞིང་སྙོམས་པ་དང་ནགས་སྐྲུན་བྱེ་འགོག ནགས་ཚལ་དོ་དམ་གྱི་དཔུང་སྡེ་འཛུགས་པ་སོགས་ཀྱི་བྱ་བ་གང་མང་བསྒྲུབས་ཏེ། ད་ལྟ་བྱེ་འགོག་རྩྭ་གསོ་ཁུལ་དང་བྱེ་འཇགས་ནགས་སྐྲུན་ཁུལ། ཞིང་སྐྱོབ་ནགས་ཚལ་ཁུལ་བཅས་སྐྱེ་ཁམས་སྲུང་ཡོལ་གསུམ་གྲུབ་ཡོད་པ་དང་། “སྡོང་འཛུགས་ནགས་སྐྲུན་དང་ཁྱིམ་གཞིས་ལྗང་བསྒྱུར”བྱེད་པ་ནི་ས་གྲུ་བཞི་མི་དམངས་ཀྱི་གོམས་གཤིས་སུ་གྱུར་ཡོད། 2021ལོར་ཞང་ཡོངས་ཀྱིས་སྡོང་འཛུགས་ནགས་སྐྲུན་མ་དངུལ་སྒོར68978སྒེར་ཐོག་ནས་བསྡུས་ཏེ། མཚོ་སྔོན་གསོམ་སྡོང་དང་ཧོ་པེ་མ་གལ་སྡོང་པོ་སོགས་བསྡོམས་པས་སྡོང་ཕྲུག56000ལྷག་བཙུགས།

ཀོས་ནན་རྫོང་མུ་གེ་ཐང་ནི“རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་ལེགས་པ”པུ་རྒྱལ་གྱི་སྣེ་ཁྲིད་འོག ལོ་ངོ20ལྷག་གི་རིང་ལ་བྱེ་འགོག་བྱེ་བཅོས་ཀྱི་དཀའ་ཚེགས་བགྲང་གིས་མི་ལང་བ་ཞིག་མྱངས་རྗེས། སྤྱི་ཆིང་བརྒྱ་ལྷག་ཡོད་པའི་བྱེ་སྣ་ལྗང་མདོག་གི་ནགས་ཚལ་དུ་བསྒྱུར་བ་དང་། སྔོན་ཆད་མི་རྣམས་ཀྱིས“བཅོས་ཐབས་མེད་པར”བསམ་པའི་བྱེ་ཐང་དེར་ཚེ་སྲོག་དང་རེ་བ་གསར་པ་ཞིག་གསོ་སྐྱོང་བྱས། ད་ལྟའི་པུ་རྒྱལ་ནི་ན་སོ་རྒས་ནས་སྐྲ་ལོ་དུང་ལྟར་དཀར་ན་ཡང་། ཁོས་སྔར་མུས་གོམས་གཤིས་ལྟར་ཁྱིམ་མིའི་སྣེ་ཁྲིད་དེ་ལམ་རྒྱགས་ལག་ཏུ་བསྣམས་ཤིང་ཆུ་སྣོད་རྒྱབ་ཏུ་འཁུར། ལྕགས་ཁེམ་ཕྲག་ཏུ་འཁུར། མགོ་ལ་རྩྭ་ཞྭ་གོན་ནས་ཉིན་རེ་བཞིན་ནགས་གསེབ་ཏུ་འགྲོ་འོང་བྱེད་ཀྱིན་ཡོད་པས། སྡེ་བའི་མི་རྣམས་ཀྱིས“གནའ་བོའི་དུས་སུ་ཡུས་ཀུང་གིས་རི་སྤར་ལ། དེང་གི་དུས་སུ་པུ་རྒྱལ་གྱིས་བྱེ་འགོག་བྱས”ཞེས་རྗོད་ཀྱིན་ཡོད།

“ཀོས་ནན་རྫོང་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་སློབ་གསོའི་རྟེན་གཞི”སོགས་ཀྱི་གཡུལ་སའི་ཐོན་ཁུངས་ལ་བརྟེན་ནས། “སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་སྲི་ཞུ་སྒྲུབ་པ་དང་དྲིན་གཟོའི་བསམ་པས་འབད་བརྩོན་བྱེད་པ”བརྗོད་དོན་ཡིན་པའི་ཏང་གི་ལོ་རྒྱུས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་མགོ་བརྩམས་པ་དང་། སྔ་གཞུག་ཏུ་ཏང་ཡོན་ལས་བྱེད་མང་ཚོགས་རྩ་འཛུགས་བྱས་ཤིང་མི་ཐེངས་ཁྲི18ཀྱིས་ཡུལ་དངོས་སུ་ལྟ་སྦྱོང་བྱས་ཏེ། ཏང་གི་ལོ་རྒྱུས་དྲིལ་སྒྲོག་སློབ་གསོའི་གཡུལ་སའི་ཁེབས་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཕན་ནུས་དང་ལྡན་པར་རྒྱ་བསྐྱེད་བཏང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།