ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲྭ་ཆུང་འབྲིང་གི་བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་ཀུན་སྤྱོད་སློབ་གསོའི་སྐོར་གྱི་གནད་དོན་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཚེ་བྷོ།   སྤེལ་དུས། : 2022-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གླེང་གཞི།

སློབ་གསོའི་དམིགས་ཡུལ་ནི་སྤྱོད་ཡོན་གཉིས་ལྡན་གྱི་མི་གསོ་སྐྱོང་བྱེད་པ་དང་། དེ་ལས་ཀྱང་ཀུན་སྤྱོད་ལེགས་པའི་མི་ཞིག་སྐྱོང་བ་གལ་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་ཡག་པོ་ཞིག་བྱེད་པར། ཀུན་སྤྱོད་དགོས་ལ། ཤེས་བྱ་དང་། འགན་སེམས་ལྡན་དགོས་པས། ཀུན་སྤྱོད་ཨང་དང་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།”①ཞེས་གསུངས་པ་བཞིན། སྤྱི་ཚོགས་ཀྱི་བདེ་འཇགས་དང་མི་རིགས་ཀྱི་འཆམ་མཐུན། ཐུན་མོང་གི་བྱ་གཞག་ཐམས་ཅད་སྤྱི་དམངས་སོ་སོའི་སྤྱོད་པ་ལེགས་ཉེས་ཀྱིས་བསྐྲུན་པ་ཡིན་པས། ཀུན་སྤྱོད་སློབ་གསོ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་ལ་འབྲེལ་བ་དམ་ཟབ་ཡོད་པ་ཡིན། སློབ་གསོའི་མཁས་ཆེན་ཁཱ་ཨར་ཝེ་ཐིས་ཀྱང“བྱིས་པའི་མ་འོངས་པའི་བདེ་སྐྱིད་ཀྱི་ཆེད་དུ་ངེས་པར་དུ་ཁོ་ཚོའི་ཀུན་སྤྱོད་བཟང་པོ་སྐྱེད་སྲིང་བྱེད་རྒྱུར་མཐོང་ཆེན་བྱེད་དགོས”②ཞེས་གསུངས་པ་བཞིན། ཀུན་སྤྱོད་སློབ་གསོ་ནི་མི་བུ་ཞིག་གི་མ་འོངས་པའི་བདེ་སྐྱིད་ལའང་འབྲེལ་བ་ཆེན་པོ་ལྡན་པ་ཡིན་ལ། དེ་ཉིད་ཀྱང་སྐབས་དང་སྐབས་སུ་བཟུང་བ་ཙམ་གྱིས་མི་ཆོག་པར་ཆུང་བྱིས་པའི་དུས་ནས་འཛིན་དགོས་པས། སློབ་གྲྭ་ཆུང་འབྲིང་གི་དུས་ནི་ཀུན་སྤྱོད་སློབ་གསོ་སྤེལ་བའི་ཆེས་ལེགས་པའི་དུས་ཚོད་ཡིན།

དང་པོ། སྐད་ཡིག་སློབ་ཁྲིད་དང་ཀུན་སྤྱོད་སློབ་གསོའི་བར་གྱི་འབྲེལ་བ།

སྤྱིར་སློབ་གྲྭ་ཆུང་འབྲིང་གི་དུས་སྐབས་སུ་བསླབ་ཚན་རིགས་མང་པོ་ཞིག་ཡོད་ལ། བསམ་བློ་ཀུན་སྤྱོད་ལྟ་བུའི་ཀུན་སྤྱོད་སློབ་གསོ་དང་འབྲེལ་བའི་བསླབ་ཚན་ཡན་གར་བ་རེ་གཉིས་ཀྱང་ཡོད་མོད། ཀུན་སྤྱོད་སློབ་གསོ་ནི་དེ་ཙམ་གྱིས་ཆོག་པ་ཞིག་མ་ཡིན་པར་བསླབ་ཚན་སོ་སོར་འབྲེལ་བ་དམ་ཟབ་ཡོད། ལྷག་པར་སྐད་ཡིག་སློབ་ཁྲིད་ནི་མི་རིགས་གང་དེའི་སྐད་དང་ཡི་གེ། རིག་གནས་གོམས་གཤིས་སོགས་ཤེས་བྱ་སྣ་མང་གིས་ཕྱུག་པའི་བསླབ་ཚན་ཞིག་ཡིན་ལ། སློབ་མའི་མི་ཚེའི་ཁྲོད་སྤྱོད་རྒྱ་དང་ཤུགས་རྐྱེན་ཆེ་ཞིང་། བསླབ་ཚན་ཀུན་གྱི་རྨང་གཞི་ལྟ་བུ་ཞིག་ཡིན་པས། སློབ་མ་རྣམས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐད་ཡིག་སློབ་ཁྲིད་ཀྱིས་ནུས་པ་བླ་ལྷག་འདོན་བཞིན་ཡོད།

ལྗོངས་ཞིང་ལྔའི་སློབ་གསོ་ཐིང་གིས་མཉམ་འབྲེལ་སྒོས་གཏན་འབེབས་བྱས་པའི《སྐད་ཡིག་བསླབ་ཚན་ཚད་གཞི》རུའང“མི་རིགས་ཀྱི་སྤོབས་པ་དང་རང་བཀུར་རང་གཅེས་ཀྱི་འདུ་ཤེས་བསྐྱེད་པ། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་འཇོག་པ། ཡ་རབས་ཀྱི་སྤྱོད་པར་སློབ་སྦྱོང་བྱས་ཏེ། ཀུན་སྤྱོད་ཇེ་ལེགས་སུ་གཏོང་དགོས”③ཞེས་ཚད་གཞི་བཟོས་ཡོད། དེ་བཞིན་སློབ་གྲྭ་ཆུང་འབྲིང་གི་བོད་ཀྱི་སྐད་ཡིག་སློབ་དེབ་ཏུ་ལེགས་བཤད་དང་། སྒྲུང་གཏམ། སྙན་ངག་སོགས་རྩོམ་ལུས་མི་འདྲ་བའི་སློབ་ཚན་མང་པོ་བཀོད་ཡོད་ལ། དེ་དག་ཀུན་ལ་སློབ་སྦྱོང་བྱས་པས་སློབ་མའི་ཤེས་དཔལ་རིག་གསུམ་འཕེལ་རྒྱས་སུ་འགྲོ་དགོས་པར་མ་ཟད།ཀུན་སྤྱོད་ཡང་ལེགས་པར་བཅོ་དགོས་པ་ཡིན་ཏེ། ལེགས་བཤད་སློབ་ཚན་ནི་མ་གཞི་ནས་ཀུན་སྤྱོད་སྤང་བླང་གི་རྣམ་གཞག་སྟོན་པའི་རྩོམ་ལུས་ཤིག་ཡིན་ལ། སྒྲུང་གཏམ་དང་སྙན་ངག་སོགས་ལ་མཚོན་ནའང་རྩོམ་པ་པོའི་སེམས་འགྱུ་སྣ་ཚོགས་མཚོན་པ་ལས་ཀུན་སྤྱོད་སྤང་བླང་གི་ཚུལ་ཡང་མི་ཉུང་བ་ཞིག་བསྟན་ཡོད། དེ་བས་སྐད་ཡིག་སློབ་ཁྲིད་ནི་སྐད་ཡིག་སློབ་ཁྲིད་དང་། ཀུན་སྤྱོད་སློབ་གསོ་ནི་ལས་ཀ་གཞན་ཞིག་གོ་ཞེས་སོ་སོར་བགྲང་དུ་མེད་པར་ངོ་བོ་དབྱེར་མེད་དུ་གནས་པ་ཞིག་ཡིན།

གཉིས་པ། སྐད་ཡིག་སློབ་ཁྲིད་ལས་ཀུན་སྤྱོད་སློབ་གསོའི་གནད་དོན།

1.སྐད་ཡིག་སློབ་ཁྲིད་དང་ཀུན་སྤྱོད་སློབ་གསོ་སོ་སོར་གྱེས་པ།

སློབ་གསོའི་གྲུབ་འབྲས་རྒྱུགས་སྐར་གྱིས་ཐག་གཅོད་པ་དང་། དགེ་རྒན་དང་སློབ་མ། སློབ་གསོའི་སྡེ་ཁག་གིས་སློབ་མའི་རྒྱུགས་སྐར་ལ་དོ་སྣང་ཆེས་ཆེར་བྱས་པ་ལས། ཀུན་སྤྱོད་གཙང་མའི་སློབ་མ་ཞིག་གསོ་སྐྱོང་བྱེད་པར་དོ་སྣང་དེ་འདྲ་བྱེད་བཞིན་མེད་ལ། སྐད་ཡིག་སློབ་ཁྲིད་ཀྱི་དམིགས་བྱའང་སློབ་ཚན་གང་དེའི་དཀའ་གནད་དག་སློབ་མར་འཆད་ཁྲིད་གནང་བ་ཙམ་ལས། དེ་ཉིད་སློབ་མའི་བློ་ལ་ངེས་ཤིང་རྒྱུད་ལ་འཇགས་པར་བྱས་ཏེ། ཀུན་སྤྱོད་གཙང་མར་བཅོས་པའི་དམིགས་ཡུལ་འཛིན་པ་ནི་ཤིན་ཏུ་ཉུང་། སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་མཐའ་གཅིག་ཏུ་ཀུན་སྤྱོད་སློབ་གསོ་ཁོ་ན་འཛིན་མི་རུང་མོད། ཤེས་བྱ་དང་ཀུན་སྤྱོད་ཟུང་འབྲེལ་གྱིས་སློབ་སྦྱོང་དང་སློབ་ཁྲིད་གནང་དགོས།

2.ཀུན་སྤྱོད་སློབ་གསོ་དངོས་ཡོད་འཚོ་བར་ལག་ལེན་མི་བྱེད་པ།

སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་དེབ་ཁྲོད་དུ་མི་ཆོས་རིང་ལུགས་ཀྱི་བསམ་བློ་དང་ཤེས་བྱ་མང་པོ་ཞིག་ཡོད་པ་དང་། དེ་དག་ཐམས་ཅད་དངོས་ཡོད་འཚོ་བ་ལས་ཚུར་སྣང་བྱས་པ་ཡིན་པས། དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཀྱི་སྐབས་སུ་དངོས་ཡོད་འཚོ་བར་ཟུང་འབྲེལ་གྱིས་སློབ་ཁྲིད་བྱེད་པ་དང་། ལྷག་པར་སློབ་ཁྲིད་ཀྱི་ཁྲོད་དུ་འབྱུང་བའི་ཀུན་སྤྱོད་སློབ་གསོ་དག་དངོས་ཡོད་འཚོ་བའི་ཁྲོད་དུ་ལག་ལེན་བྱེད་པ་གལ་ཆེ་བ་ཡིན། འོན་ཀྱང་མིག་སྔར་སློབ་གྲྭ་སོ་སོའི་སློབ་ཁྲིད་ཀྱི་རྣམ་པ་ནི་སློབ་ཚན་ངོ་སྤྲོད་པ་ཙམ་གཙོར་བྱེད་པ་ལས། དངོས་ཡོད་འཚོ་བ་དང་ཟུང་འབྲེལ་བྱེད་པའི་སྣང་ཚུལ་ཤིན་ཏུ་ཉུང་ཞིང་། སློབ་དེབ་ཁྲོད་དུ་འབྱུང་བའི་ཀུན་སྤྱོད་སློབ་གསོའི་སྐོར་གཙིགས་འཛིན་གྱིས་འཆད་ཁྲིད་གནང་མོད། དངོས་ཡོད་འཚོ་བའི་ལག་ལེན་དང་ཁ་གྱེས་པས་སློབ་མ་རྣམས་ཀྱི་རྒྱུད་ལ་དངོས་སུ་ཕན་ཐོགས་ཚད་ཞན།

3.སློབ་མས་རང་འགུལ་ངང་སློབ་སྦྱོང་བྱེད་པར་སྣང་མེད་བྱེད་པ།

རང་རེའི་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་ཀྱི་ཤན་ཤུགས་ཀྱིས་མིག་སྔའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་བྱེད་ཐབས་གཙོ་བོ་ནི་འཆད་ཁྲིད་ཀྱི་རྣམ་པ་ཡིན་ལ། དགེ་རྒན་གྱིས་སློབ་ཐུན་གྱི་གཙོ་ཁྲིད་ནུས་པ་འདོན་བཞིན་ཡོད། བལྟས་ཚོད་ཀྱིས་སློབ་ཁྲིད་བྱེད་ཐབས་དེའི་འབྲས་བུ་ལེགས་པར་འདུག་མོད། སློབ་མས་རང་འགུལ་ངང་སློབ་སྦྱོང་དང་བསམ་གཞིག་གོ་སྐབས་མེད་པར་བཏང་བས། ཀུན་སྤྱོད་སློབ་གསོའི་གོ་བ་རགས་ཙམ་ལས། དོན་དངོས་ཀྱི་སློབ་མའི་གཤིས་སྤྱོད་ལེགས་བཅོས་དང་སྲ་བརྟན་ཏུ་གཏོང་བར་ཕན་འབྲས་ཆེན་པོ་ཐོན་བཞིན་མི་འདུག

གསུམ་པ། སྐད་ཡིག་སློབ་ཁྲིད་ལས་ཀུན་སྤྱོད་སློབ་གསོ་ལེགས་བཅོས་ཀྱི་བསམ་ཚུལ།

1.སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་ཀུན་སྤྱོད་སློབ་གསོར་གཙིགས་འཛིན་བྱེད་པ།

གནད་དོན་དེ་དག་ལ་གཞི་བྱས་ཏེ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་། སྐད་ཡིག་སློབ་ཁྲིད་ཀྱི་ཁྲིད་འབྲས་ལེགས་པོ་ཡོང་བར་ཐོག་མར་སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་ཀུན་སྤྱོད་སློབ་གསོར་གཙིགས་འཛིན་བྱེད་པ་སྟེ། སློབ་ཐུན་སྐབས་སུ་སློབ་ཚན་གྱི་དཀའ་གནད་དག་ཚིག་འགྲེལ་དང་། བསྟན་དོན་དག་ཟིན་བྲིས་སུ་བཀོད་པ་ཙམ་གྱིས་མི་ཆོག་པར། སློབ་མ་རྣམས་ལའང་སློབ་ཐུན་གྱི་གཙོ་ཁྲིད་ནུས་པ་འདོན་པར་བྱས་ཏེ། རང་འགུལ་ངང་སློབ་སྦྱོང་དང་བསམ་གཞིག་བྱེད་པར་སྐུལ་དགོས། དཔེར་ན་སློབ་དེབ་ཁྲོད་འབྱུང་བའི་ལེགས་བཤད་ཀྱི་སློབ་ཚན་ལྟ་བུ་སློབ་མ་རྣམས་ལ་ཀློག་འདོན་དང་འགྲེལ་བཤད་བྱེད་པའི་གོ་སྐབས་བསྩལ་ཏེ། སློབ་མ་རྣམས་ཀྱིས་བསམ་གཞིག་གི་ནུས་པས་མ་འདང་བ་དང་ནོར་བ་དག་དགེ་རྒན་གྱིས་ཁ་གསབ་དང་ཡོ་བསྲང་བྱས་ཚེ། སློབ་ཁྲིད་གྱི་འབྲས་བུ་ཇེ་ལེགས་དང་སློབ་མ་རྣམས་ཀྱི་རང་འགུལ་ངང་སློབ་སྦྱོང་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་པར་ཡང་ཕན།

2.ཐུན་ཕྱིའི་བྱ་འགུལ་གྱི་ཁྲོད་དུ་ཀུན་སྤྱོད་སློབ་གསོ་སྤེལ་བ།

སློབ་ཚན་གྱི་བརྗོད་བྱར་ཀུན་སྤྱོད་སློབ་གསོའི་སྐོར་ལས་ད་དུང་རིག་གནས་ཤེས་བྱའི་གནད་ཀྱང་ཤིན་ཏུ་མང་ཞིང་། སློབ་ཐུན་གྱི་དུས་ཚོད་ལའང་ཚད་བཀག་ཡོད་པས་བརྗོད་བྱ་ཡོངས་སུ་འགྲུབ་པ་ཤིན་ཏུ་དཀའ། དེ་བས་ཐུན་ཕྱིའི་དུས་སུ་སློབ་ཁྲིད་ལ་ཁ་གསབ་ཀྱི་ཚུལ་དུ་བྱ་འགུལ་སྣ་ཚོགས་སྤེལ་ཆོག་ལ། ལྷག་པར་ཀུན་སྤྱོད་སློབ་གསོ་དང་འབྲེལ་བའི་བྱ་འགུལ་སྣ་ཚོགས་སྤེལ་ཆོག་པ་ཡིན། དཔེར་ན་ཐུན་ཕྱིའི་དུས་ཚོད་བེད་སྤྱད་ནས་སྐད་ཡིག་སློབ་དེབ་ཁྲོད་ཀྱི་ཀུན་སྤྱོད་སློབ་གསོ་དང་འབྲེལ་བའི་དཔེ་དེབ་ཀློག་པ་དང་། བརྙན་འཕྲིན་ལ་བལྟ་བ་སོགས་བྱས་ཆོག་ལ། དེ་ལས་གཞན་སློབ་དེབ་ཁྲོད་ཀྱི《ར་ལོ》དང《མགུལ་རྒྱན》ལྟ་བུའི་སྒྲུང་གཏམ་སློབ་ཚན་ཁྲོད་ཀྱི་མི་སྣ་དག་སློབ་མ་ཚོས་འཁྲབ་སྟོན་བྱས་ཏེ་སློབ་གྲོགས་ཡོངས་ལ་དེའི་གཤིས་སྤྱོད་དབྱེ་ཞིབ་བྱེད་པའི་བྱ་འགུལ་སོགས་སྤེལ་ཚེ། སློབ་མ་རྣམས་ལ་སྔར་ལས་ལྷག་པའི་ཀུན་སྤྱོད་ཀྱི་ངེས་ཤེས་འབྱུང་སླ་བ་ཡིན།

3.དངོས་ཡོད་འཚོ་བའི་ཁྲོད་དུ་ཀུན་སྤྱོད་སློབ་གསོ་ལག་ལེན་བྱེད་པ།

རང་རེའི་མཐར་ཐུག་གི་དམིགས་ཡུལ་ནི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པས། ཀུན་སྤྱོད་སློབ་གསོ་སློབ་གྲྭའི་ཁོར་ཡུག་ཁོ་ན་ཙམ་ནས་གཙིགས་འཛིན་དང་ཁྱབ་སྤེལ་བྱས་པ་ཙམ་གྱིས་མི་ཆོག་པར། འཚོ་བ་དངོས་ཀྱི་ཟུར་ངོས་སོ་སོར་ཁྱབ་དགོས་པ་ཡིན་ཏེ། དེ་མིན་ཡིག་ངོས་ཀྱི་གོ་བ་ཙམ་དང་སློབ་གསེང་གི་བྱེད་སྒོ་འགས་འབྲས་བུ་མཆོག་ཏུ་གྱུར་པ་ཞིག་མི་ཡོང་། ལྷག་པར“ཀུན་སྤྱོད་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་ཁོ་ནའི་ཁྲོད་དུ་འགྲུབ་དགོས་པ་ཞིག་དང་འགྲུབ་ངེས་པ་ཞིག་མ་ཡིན་པས། ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་བཅས་ཕྱོགས་ཡོངས་ནས་ལག་ལེན་དང་མཐོང་ཆེན་བྱེད་དགོས”④ཤིང་། ཕ་མ་དང་ཁྱིམ་ཚང་། སྤྱི་ཚོགས་འཚོ་བ་དངོས་ཀྱི་ཁྲོད་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ལས་སྦྱངས་པའི་ཀུན་སྤྱོད་སློབ་གསོའི་སྐོར་ལག་ལེན་བྱེད་དགོས་པ་དང་། དེ་ཡང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རང་ངོས་ནས་འགྲུབ་ཐུབ་པ་ཞིག་མིན་པས། ཕ་མ་དང་འབྲེལ་ཡོད་མི་སྣ་སོ་སོས་རོགས་འདེགས་མཐུན་རྐྱེན་སྦྱོར་དགོས་པ་ཡིན། །

མཆན།

①ཞི་ཅིན་ཕིང་གིས་སློབ་གསོ་བསྒྱུར་བཅོས་དང་འཕེལ་རྒྱས་སྐོར་ལ་གནང་བའི་གསུང་བཤད་གཅེས་བཏུས།[J]བོད་ལྗོངས་སློབ་གསོ། 2018(5) སྔོན་འགྲོའི་གཏམ།

②ཁཱ་ཨར•ཝེ་ཐིས་བརྩམས། པདྨ་བསྟན་འཛིན་གྱིས་བསྒྱུར། ཁཱ་ཨར་ཝེ་ཐི་ཡི་སློབ་གསོའི་མན་ངག[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018.P306

③མཐོ་རིམ་སློབ་འབྲིང་། སྐད་ཡིག་བསླབ་ཚན་གྱི་ཚད་གཞི།[G]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017.10.

④བསོད་ནམས་དོན་གྲུབ། མཐོ་འབྲིང་བོད་ཡིག་སློབ་ཁྲིད་ལས་ཀུན་སྤྱོད་སློབ་གསོའི་སྐོར་ལ་དཔྱད་པ།[J]མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རབ་འབྱམས་པའི་བསླབ་གནས་དཔྱད་རྩོམ། 2021ལོ།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།