ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཁམས་གསོ་བའི་ཐབས་མཆོག་བདུན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལུས་ཟུངས་གསོ་བ་ནི་མི་ཚེ་གང་བོའི་བསླབ་གཞི་གལ་ཆེན་ཞིག་ཡིན།ལུས་ཟུངས་གསོ་སྐབས་ལུས་པོ་གསོ་བར་མཐོང་ཆེན་བྱེད་དགོས་པར་མ་ཟད།སེམས་ཁམས་གསོ་བར་དེ་བས་ཀྱང་མཐོང་ཆེན་བྱེད་དགོས།ཉེ་བའི་ལོ་འདི་འགར།ང་རང་ཉིད་ཀྱིས་གཉིས་ཀར་གཅིག་མཚུངས་ལྟར་མཐོང་ཆེན་བྱེད་དགོས་པའི་རྩ་དོན་གཞིར་བྱས་ཏེ།ལུས་པོ་གསོ་བ་དང་མཉམ་དུ་སེམས་ཁམས་གསོ་བའི་ཐད་དོ་སྣང་གང་ལེགས་བྱས་པ་ཡིན།

དཔེ་ཀློག་གིས་སེམས་གསོ་བ།

“དཔེ་ཆ་ནི་བློས་ཐུབ་ཀྱི་གྲོགས་པོ་དང་འདྲ་བར། སེམས་ཁམས་གསོ་བའི་སྨན་མཆོག་ཡིན།”ཞེས་པ་ལྟར། ང་རང་རྒྱུན་དུ་དཔེ་ཆའི་མཚོ་མོར་གཡེང་སྟེ།ཡི་གེ་ཡིས་ང་ལ་སྦྱིན་པའི་སྤྲོ་བ་དང་བདེ་སྣང་ལ་རོལ་རྒྱུར་ཧ་ཅང་དགའ།

རོལ་དབྱངས་ཀྱིས་སེམས་གསོ་བ།

རོལ་དབྱངས་ལ་ཉན་པ་ནི་ངས་ལོ་ངོ་མང་པོའི་རིང་ལ་རྒྱུན་བསྐྱངས་པའི་གོམས་གཤིས་ཤིག་ཡིན།ཆ་རྒྱུས་ལྡན་པའི་རོལ་དབྱངས་རྙིང་པ་དག་ནི་གྲོགས་པོ་རྙིང་པ་རེ་རེ་དང་མཚུངས་པར། མཛའ་བརྩེ་ལྡན་པའི་ངང་ནས་ང་ལ“འཚམས་འདྲི”བྱས་ཏེ། བདེ་སྐྱིད་ཀྱི་འདས་དོན་རེ་རེ་ངའི་མིག་མདུན་དུ་འཆར་བར་བྱེད་ལ། དྲ་བའི་རོལ་དབྱངས་ནི་སྙན་ཆ་དོད་ཅིང་གསོན་ཤུགས་ཀྱིས་བརྟས་པས། རང་ཉིད་ལ་ཉིན་རེ་ལས་ཉིན་རེར་གཞོན་ཉམས་ཆགས་པའི་ཚོར་སྣང་སྟེར།

ཡུལ་སྐོར་གྱིས་སེམས་གསོ་བ།

ལོ་འདི་འགར།ང་རང་རི་ཀླུང་གྲགས་ཅན་མང་པོར་མྱུལ་ཏེ།ཡུལ་སྐོར་བྱེད་ཞོར་མིག་རྒྱ་བསྐྱེད་ཅིང་སེམས་ཁམས་གསོས།ཡུལ་སྐོར་དུ་སོང་ན་ལུས་པོར་སྦྱོང་བརྡར་ཐོབ་པར་མ་ཟད།རང་བྱུང་ཁམས་དང་མཉམ་དུ་འདྲེས་པ་ལྟ་བུའི་གོ་རྟོགས་རྙེད་དེ།མི་ཚེ་ལ་བྲོ་བ་མི་འདྲ་བ་སྣ་ཚོགས་སྦྱིན་པར་བྱེད།

གཅེས་ཟོག་གིས་སེམས་གསོ་བ།

ཁྱིམ་དུ་བྱི་ལ་གཅིག་དང་བྱིའུ་གཅིག་གསོས་ཡོད།བྱི་ལ་གཤིས་ཀ་འཇམ་ཞིང་སྙིང་རྗེ་བོ་ཞིག་ཡིན་པས།ཉིན་རྒྱུན་ངའི་འགྲམ་དུ་ཉལ་ཏེ་གཉིད་ལ་རོལ་རྒྱུར་དགའ།བྱི་ལའི་དབུགས་འབྱིན་རྔུབ་ཀྱི་སྒྲ་ལ་ཉན་པ་དང་འཇམ་སོབ་སོབ་ཀྱི་སྤུ་ལ་རེག་རེག་བྱས་ན།ངའི་ཉིན་གཅིག་གི་ངལ་དུབ་དེ་མ་ཐག་ཏུ་སངས་འགྲོ། སེམས་ཁམས་མི་སྐྱིད་པའི་སྐབས་སུ། བྱིའུ་ཡིས་བླངས་པའི་སྙན་འཇེབས་ཀྱི་གླུ་དབྱངས་ལ་ཉན་ན་སེམས་ཁམས་དེ་མ་ཐག་ཏུ་ལྷོད་ལ་འབབ་ཐུབ།གཅེས་ཟོག་གསོ་བ་ནི་བྱིས་བློ་མི་ཡལ་བར་བྱེད་པའི་ཐབས་ཤིག་ཡིན།

མེ་ཏོག་གིས་སེམས་གསོ་བ།

ཁྱིམ་དུ་མེ་ཏོག་མོ་ལི་དང་ལུག་མཉེ། པད་མ་སོགས་མང་པོ་གསོས་ཡོད།ང་རང་ཉིན་རེར་ཆུ་ལྡུག་པ་དང་རྩྭ་ལྡུམ་འབལ་བ།ས་སོབ་སོབ་བྱེད་པ་སོགས་ཀྱི་ལས་ལ་བྲེལ་ཏེ་སྤྲོ་དགར་རོལ་བཞིན་ཡོད། མེ་ཏོག་གི་དྲི་ཞིམ་ལ་སྣོམ་ན་སེམས་ལ་བདེ་སྣང་དང་སྤྲོ་བས་ཁེངས་ཡོང་བས།འདི་ནི་ཅི་འདྲའི་སྤྲོ་དགའི་ལས་ཤིག་རེད་ཨང་།

རི་མོ་དང་ཡིག་གཟུགས་ཀྱིས་སེམས་གསོ་བ།

རྒན་རྒོན་སློབ་ཆེན་དུ་ཞུགས་རྗེས།ང་རང་ཡིག་གཟུགས་དང་རི་མོ་འབྲི་རྒྱུར་དགའ་བར་གྱུར།ཡིག་གཟུགས་སྦྱངས་ན་སེམས་པ་བདེ་ལ་བབས་ཏེ་སེམས་ཁམས་གསོ་ཐུབ་ལ། རི་མོ་བྲིས་ན་ཉེ་འགྲམ་གྱི་མཛེས་པ་ཡོད་ཚད་དུས་ཐོག་ཏུ་མཐོང་བར་མ་ཟད།སྨྱུ་གུ་དང་ཤོག་བུ་སྤྱད་དེ་ཟིན་ཐོར་འགོད་ཐུབ་པས། གནའ་མི་རྣམས་ཀྱིས“ཚེ་ཐག་རིང་པོ་སྨྱུ་གུའི་རྩེ་ནས་ཐོན”ཞེས་པ་ལའང་ཁག་མི་འདུག་སྙམ།

འབྲེལ་འདྲིས་ཀྱིས་སེམས་གསོ་བ།

དར་མ་དང་རྒན་རྒོན་གྱི་ལོ་ཚོད་ལ་སླེབས་རྗེས། ཆེས་གཟབ་དགོས་པ་ནི“ཁང་པ་གྲུ་བཞིའི་ནང་དུ་འཛུལ་རྗེས།ཕྱི་རོལ་གྱི་བྱ་བ་གང་ཡང་རང་ཉིད་ལ་འབྲེལ་བ་མེད་པར་འདོད་པ”དེ་རེད།སེམས་ཁམས་མི་སྐྱིད་པའི་དོན་དག་རེ་འབྱུང་སྐབས།གྲོགས་པོ་རྣམས་ལ་ཁ་བརྡ་བྱེད་པ་དང་།དགའ་བའི་དོན་དག་རེ་བྱུང་ནའང་།གྲོགས་པོར་བཤད་དེ་ཕན་ཚུན་བར་རོལ་མྱོང་བྱེད་དགོས།ཕན་ཚུན་ལ་ཁ་བརྡ་བྱས་ན་རྒྱུན་དུ་བློ་སྒོ་འབྱེད་ཅིང་སེམས་ཁམས་སྐྱིད་པོ་ཡོང་བར་ཕན།

དེ་ལྟར་ལོ་ངོ་འགའ་འགོར་རྗེས།ཐབས་མཆོག་འདི་དག་ལ་མངོན་གསལ་གྱི་གྲུབ་འབྲས་ཐོབ་པ་སྟེ།ང་རང་བྱ་བ་གང་དང་གང་ཞིག་ལ་འཕྲད་ནའང་མི་འཚབ་པ་དང་མི་ཁྲོ་བ།མི་སྡུག་པར་སེམས་བག་ཡངས་པོ་ཡོང་ཐུབ་པས།སྔོན་ཆད་ལས་ཀྱང་གཞོན་ཉམས་ཆགས་པའི་སྣང་བ་འདུག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།