ཕྲུ་གུ་དམར་འབྱར་ལ་ནད་རིགས་འཚག་བཤེར་བྱེད་ཐབས།

src=http___www.ilife.cn_Images_Upload_newadmin_8_2019125151933875_4.jpg&refer=http___www.ilife.jpg

ཅི་ཞིག་ལ་ཕྲུ་གུ་དམར་འབྱར་གྱི་ནད་རིགས་འཚག་བཤེར་ཟེར།

ཕྲུ་གུ་དམར་འབྱར་གྱི་ནད་རིགས་འཚག་བཤེར་ཞེས་པ་ནི་སྐྱེས་མ་ཐག་པའི་ཕྲུ་གུ་ལ་ཆེད་དམིགས་ཞིབ་བཤེར་བྱས་པ་བརྒྱུད་ནས་ཕྲུ་གུའི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོ་བའི་ལྷན་སྐྱེས་རང་བཞིན་དང་རྒྱུད་འཛིན་ཚབ་བརྗེའི་ནད་རིགས་ཡོད་མེད་ལ་བལྟས་ཏེ། སྔ་མོ་ནས་ནད་རིགས་བརྟག་དཔྱད་དང་གསོ་བཅོས་བྱེད་བདེ་བར་བྱེད་པ་ཞིག་ཡིན་ལ། དེ་ནི་སྐྱེས་མ་ཐག་པའི་མི་འབོར་གྱི་རྒྱུ་སྤུས་ཇེ་མཐོར་གཏོང་བ་དང་སྐྱེས་མ་ཐག་པའི་ཕྲུ་གུའི་དབང་པོར་སྐྱོན་བྱུང་ཚད་ཇེ་ཉུང་དུ་གཏོང་བའི་རིམ་པ་གསུམ་པའི་སྔོན་འགོག་བྱེད་ཐབས་གལ་ཆེན་ཞིག་རེད། ད་ལྟ། རང་རྒྱལ་གྱི་འཚག་བཤེར་བྱེད་དགོས་པའི་སྐྱེས་མ་ཐག་པའི་ཕྲུ་གུའི་ནད་རིགས་ལ་གཙོ་བོ་ལྷན་སྐྱེས་རང་བཞིན་གྱི་ཨོལ་གོང་གཤེར་རྨེན་ནུས་པ་ཉམས་པའི་ནད་རྟགས(CH)དང་པུན་པིང་ཐུང་གཅིན་ཟགས་ནད་རྟགས〈PKU)སོགས་རྒྱུད་འཛིན་ཚབ་བརྗེའི་ནད་དང་རྣ་དབང་ལ་སྐྱོན་ཞུགས་པའི་རིགས་བཅས་ཡོད།

བྱིས་པ་གང་དག་ལ་ནད་རིགས་འཚག་བཤེར་བྱེད་དགོས་སམ།

སྐྱེས་མ་ཐག་པའི་བྱིས་པ་རེ་རེར་ནད་རིགས་འཚག་བཤེར་བྱེད་དགོས་པ་ཡིན། བྱིས་པ་སྐྱེས་མ་ཐག་ཧ་ཅང་བདེ་ཐང་ཡིན་ནའང་། སྐྱེས་མ་ཐག་པའི་ཕྲུ་གུའི་ནད་རིགས་འཚག་བཤེར་ངེས་པར་དུ་བྱེད་དགོས། དེ་ནི་རྒྱུད་འཛིན་ཚབ་བརྗེའི་ནད་རིགས་ཁ་ཤས་ཀྱི་ནད་རྟགས་ཟླ་ངོ3ནས6གི་བར་ད་གཟོད་རིམ་བཞིན་འབྱུང་བས་རེད། ཁྱིམ་མིར་ནད་རིགས་དེ་དག་བྱུང་མ་མྱོང་ནའང་སྐྱེས་མ་ཐག་པའི་ཕྲུ་གུ་ལ་ནད་རིགས་འཚག་བཤེར་བྱེད་དགོས་ཏེ། རྒྱུ་མཚན་ནི་ཕྱི་ཚུལ་བདེ་ཐང་ཡིན་པའི་ཕ་མར་ཡང་མི་མངོན་པའི་ནད་རིགས་གཞི་རྒྱུ་ཡོད་སྲིད་པས་སོ།།

ནད་རིགས་འཚག་བཤེར་བྱེད་ན་རིན་ལེན་ནམ།

ས་གནས་མི་གཅིག་པའི་དབང་གིས་གནས་ཚུལ་ཡང་མི་འདྲ། ཞིང་ཆེན་ཁ་ཤས་ཀྱིས་འཚག་བཤེར་བྱ་གཞིའི་སྐྱེས་མ་ཐག་པའི་ཕྲུ་གུའི་ནད་རིགས་ཁག་ཅིག་ལ་ཁ་གསབ་བྱེད་བཞིན་ཡོད་པ་དང་། ཞིང་ཆེན་ཁ་ཤས་ཀྱིས་འཚག་བཤེར་བྱ་གཞིའི་སྐྱེས་མ་ཐག་པའི་ཕྲུ་གུའི་ནད་རིགས་ཁག་ཅིག་སྨན་བཅོས་འགན་སྲུང་གི་སྲིད་ཇུས་ཁྲོད་དུ་བཞག་འདུག དེར་བརྟེན། རིན་ལེན་མིན་དང་ནད་རིགས་གང་དག་ལ་འཚག་བཤེར་བྱེད་གླ་ལེན་པ། རིན་ག་ཚོད་ཡིན་པ་སོགས་ནི་ཞིང་ཆེན་སོ་སོའི་སྐྱེས་མ་ཐག་པའི་ཕྲུ་གུའི་ནད་རིགས་འཚག་བཤེར་སྲིད་ཇུས་ཀྱི་བྱེ་བྲག་གི་གནས་ཚུལ་གཞིར་འཛིན་དགོས།

སྐྱེས་མ་ཐག་པའི་ཕྲུ་གུ་ལ་ནད་རིགས་འཚག་བཤེར་ཇི་ལྟར་བྱེད་དགོས་སམ།

བྱིས་པ་སྐྱེས་ནས་ཆུ་ཚོད72འགོར་བ་དང་། འོ་མ་འགྲངས་ཚད(ཉུང་མཐའ་ཡང་འོ་མ་ཐེངས་དྲུག་ལ་སྣུན་པ)བསྣུན་རྗེས། སྨན་པས་བྱིས་པའི་ཕྱི་རྟིང་ནས་ཁྲག་ཐིགས་གསུམ་བླངས་པ་དང་ཚོད་ལྟ་ཁང་དུ་བསྐྱལ་ཏེ་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་ཡིན། ཡིན་ནའང་མཉམ་འཇོག་རྒྱུ་ཞིག་ལ། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དུས་ཐོག་ཏུ་འཚག་བཤེར་བྱེད་མ་ཐུབ་པའི་བྱིས་པར། སྨན་པས་མངགས་བཅོལ་ལྟར་ཕ་མས་བྱིས་པ་ཁྲིད་དེ་སྨན་ཁང་དུ་སོང་ནས་འཚག་བཤེར་བྱེད་དགོས་ལ། ཆེས་འཕྱིས་ནའང་སྐྱེས་ནས་ཉིན20ཡན་བརྒལ་མི་རུང་།

སྐྱེས་མ་ཐག་པའི་ཕྲུ་གུའི་ནད་རིགས་འཚག་བཤེར་བྱེད་པར་ཁྱིམ་བདག་གིས་སྨན་ཁང་ལ་གཞོགས་འདེགས་ཇི་ལྟར་བྱེད་དགོས་སམ།

ཁྱིམ་བདག་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་དང་འཐད་པ་ཡིན་པའི་གནས་ཚུལ་འོག་སྨན་བཅོས་མི་སྣར་གཞོགས་འདེགས་བྱས་ནས་སྐྱེས་མ་ཐག་པའི་ཕྲུ་གུ་ལ་ནད་རིགས་འཚག་བཤེར་བྱེད་དགོས་པར་མ་ཟད། ཁྱིམ་གྱི་ས་གནས་དང་འབྲེལ་གཏུག་ཁ་པར་ཨང་གྲངས་གསལ་པོ་འདོན་སྤྲོད་བྱེད་དགོས། གལ་ཏེ་ཕྲུ་གུ་བཙས་རྗེས་ས་གནས་གཞན་དུ་ལུས་གསོ་བྱེད་བཞིན་ཡོད་ཚེ། སྡོད་གནས་དང་ཁ་པར་ཨང་གྲངས་གསར་པ་མཉམ་གཅིག་ཏུ་སྨན་པར་བཤད་དགོས་ལ། དགོས་མཁོ་ཡོད་དུས་སྨན་པས་ཁྱེད་ལ་དུས་ཐོག་ཏུ་འབྲེལ་གཏུག་བྱེད་བདེ་བ་བཟོ་དགོས།

བསྐྱར་བརྟག་བརྡ་སྦྱོར་འབྱོར་ཚེ་ཇི་ལྟར་བྱེད་དགོས་སམ།

བསྐྱར་བརྟག་བརྡ་སྦྱོར་འབྱོར་བ་ཡིན་ན་བྱིས་པར་ནད་བྱུང་ཡོད་པས་མ་ཁྱབ་སྟེ། རྒྱུ་རྐྱེན་མང་པོ་ཞིག་གི་འོག་བསྐྱར་བརྟག་བྱེད་དགོས་པ་ཡིན། ཁྱེད་ཀྱི་བྱིས་པའི་བདེ་ཐང་ལ་འགན་འཁུར་ཆེད་བསྐྱར་བརྟག་བརྡ་སྦྱོར་བཏང་བ་ཡིན་པས། ཁྱེད་ལ་བསྐྱར་བརྟག་བརྡ་སྦྱོར་འབྱོར་རྗེས་མགྱོགས་མྱུར་ངང་བྱིས་པ་ཁྲིད་དེ་སྨན་ཁང་དུ་སོང་ནས་བསྐྱར་བརྟག་བྱེད་དགོས། འཚག་བཤེར་མཇུག་འབྲས་རྒྱུན་ལྡན་ཡིན་པའི་བྱིས་པར་སྤྱིར་བཏང་དུ་ཡང་བསྐྱར་བརྡ་སྦྱོར་མི་གཏོང་བས། ཁྱིམ་བདག་གིས་རང་ངོས་ནས་འདྲི་རྩད་བྱེད་ཆོག

གལ་ཏེ་བྱིས་པར་བརྟག་དཔྱད་བརྒྱུད་ནས་ནད་བྱུང་ཡོད་པ་ཤེས་ཚེ། ཇི་ལྟར་བྱེད་དགོས་སམ།

གལ་ཏེ་བྱིས་པར་ནད་བྱུང་བ་གཏན་འཁེལ་བྱས་རྗེས། ཁྱེད་ཀྱིས་སྨན་པས་མངགས་བཅོལ་ལྟར་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་ལ། དུས་བཅད་ལྟར་བསྐྱར་བརྟག་བྱེད་དགོས། བྱིས་པའི་གཟུགས་གཞི་དང་རིག་སྟོབས་ཀྱི་འཚར་སྐྱེ་གནས་ཚུལ་ལ་ཞིབ་དཔྱད་ཚད་ལེན་བྱས་ནས། ནད་རིགས་ཀྱིས་བསྐྱེད་པའི་མཇུག་འབྲས་ཚབས་ཆེན་སྔོན་འགོག་བྱེད་དགོས།

སྐྱེས་མ་ཐག་པའི་ཕྲུ་གུར་ནད་རིགས་འཚག་བཤེར་བྱེད་པ་དེས་བྱིས་པ་བདེ་ཐང་མིན་པ་དང་དབང་པོ་སྐྱོན་ཅན་གྱི་གནས་ཚུལ་འབྱུང་ཚད་ཇེ་ཉུང་དུ་གཏོང་བ་དང་།སྐྱེས་མ་ཐག་པའི་མི་འབོར་གྱི་རྒྱུ་སྤུས་མཐོར་འདེགས་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ཁྱེད་ཀྱི་བྱིས་པའི་བདེ་ཐང་དང་ཁྱིམ་ཚང་གི་འཆམ་མཐུན་དང་བདེ་སྐྱིད་ཀྱི་ཆེད་དུ། བྱིས་པ་བཙས་རྗེས“བདེ་བཤེར”བྱེད་པའི་སྒོ་མོ་དང་པོ་བརྒྱུད་དུ་འཇུག་རོགས།

སྐྱེས་མ་ཐག་པའི་ཕྲུ་གུ་ལ་ནད་རིགས་འཚག་བཤེར་བྱེད་པ་ནི་བྱིས་པ་བཙས་རྗེས“བདེ་བཤེར”བྱེད་པའི་སྒོ་མོ་དང་པོ་ཡིན།

མཇུག་མཐར་ཁྱེད་ཀྱི་བྱིས་པ་སྤྱང་གྲུང་ལྡན་ཞིང་བདེ་ཐང་ཡོང་བའི་སྨོན་འདུན་ཞུ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།