ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལུགས་གསོ་བ་རིག་པའི་མཁས་དབང་གོང་མ་རྣམས་ཀྱི་རིམས་སྲུང་ཞལ་གདམས་བདུད་རྩིའི་ཐིགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འགྲུལ་གསར་འཛེམ་ཞིང་ཀ་ཅ་ཁྱེར་ལེན་སྤང་།

----ཟུར་མཁར་མཉམ་ཉིད་རྡོ་རྗེ།

 

འདི་ནི་སྤང་ལ་མེ་མཆེད་བཞིན། །

འགོས་སྐྱེན་འཆི་སླ་གསོ་བ་དཀའ། །

གང་བྱུང་ས་དེར་མི་ཐག་གཅོད། །

----སློབ་དཔོན་པདྨ་འབྱུང་གནས།

 

ལུང་པའི་མདའ་སྒོ་བསྲུང་བ་དང་། །

འཇུག་པའི་སྒོ་གསུམ་བགག་པ་དང་། །

གྲོང་ཁྱེར་འདྲེས་ཐག་གཅད་པ་དང་། །

----སློབ་དཔོན་པདྨ་འབྱུང་གནས།

 

སྤྱོད་ལམ་གོས་དྲོ་དབེན་པའི་གནས་སུ་འདུག །

མེ་དང་ཉི་མ་བསེར་བུ་ཉིན་མོའི་གཉིད། །

གདོན་ཆེན་མི་སོགས་འགྲུལ་སྣ་རིང་དུ་སྤང་། །

----སྡེ་སྲིད་སངས་རྒྱས་རྒྱ་མཚོ།

 

གནས་ཁང་ཕྱག་དར་ལེགས་པོ་བྱེད། སྤོས་དཀར་བདུག བཅའ་ལག་དང་འགྲུལ་གསར་སོགས་གདོན་འཛེམས་དང་། གཙང་སྦྲ་གང་ཆེ། འུར་སྒྲ་སོགས་གཏན་ནས་མེད་པའི་གནས་དབེན་པོ་གལ་ཆེ།

----སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།

 

ཟུར་དགུ་བདེན་པར་མི་བཟུང་ལེགས་པར་དཔྱད་ནས་བཟུང་། །

----གཡུ་ཐོག་ཡོན་ཏན་མགོན་པོ།

 

གཞན་ཡང་ནད་དེ་ལྡང་བའི་དུས་ཚོད་དུ། །

གཞན་དུ་གབ་ཀྱང་ཕན་པར་འགྱུར་ཞེས་ཐོས། །

----འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་མཆོག

 

གཉན་རིམས་ནི། དེང་སང་དུས་དབང་གིས་ཤིན་ཏུ་མང་ཞིང་ནད་རྟགས་སྣ་ཚོགས་པ་འབྱུང་བས་ཤིན་ཏུ་བརྟག་དཀའ་ཞིང་ནད་གཞན་ལའང་གཉན་ཤས་མེད་པ་ཆེར་མེད་པ་ལྟ་བུ་སྣང་བས་ཟོན་ཐེངས་དགོས།

----ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

 

གཉན་སྤྱིར་སྤྱོད་ལམ་དབེན་སྡོད་འགྲུལ་འཛེམ་གཅེས། །

----སུམ་པ་ཡེ་ཤེས་དཔལ་འབྱོར།

 

རིམས་ཀྱི་དྲི་མ་སྣ་ནས་འཇུག་པར་འགྱུར་བ་དེའི་ཕྱིར་ན་ཀུན་ལས་རྒྱལ་བའི་རྩ་སྒོ་རྣམས་བསྲུང་བ་གཅེས།

----སྡེ་སྲིད་སངས་རྒྱས་རྒྱ་མཚོ།

 

ལུས་སྲུང་མེད་པའི་སྨན་པ་ནི། །

གོ་མེད་གཡུལ་དུ་འཇུག་པ་འདྲ། །

དེས་ན་རྡོ་རྗེ་ཁྲབ་རིང་གཅེས། །

----སློབ་དཔོན་པདྨ་འབྱུང་གནས།

 

འཚོ་བྱེད་ཕན་པའི་སེམས་ལྡན་ཡང་། །

དང་པོ་རང་བསྲུང་མ་ཤེས་ན། །

སྐྱེས་བུ་གཡུལ་ངོར་འཇུག་པ་འདྲ། །

----ཨོ་རྒྱན་ཕྲིན་ལས་གླིང་པ།

 

སྨན་པ་ནད་གཡོག་གང་ཉེའི་འཁོར་ལ་འཕྲོ། །

སྲུང་བ་མེད་ན་མེ་ལྕེ་སྦྲང་མ་འདྲ། །

དེའི་ཕྱིར་རང་གཞན་སྲུང་བ་གུད་དུ་བསྟན། །

----ཟུར་མཁར་མཉམ་ཉིད་རྡོ་རྗེ།

 

བསྲུང་བ་མེད་པའི་སྨན་པ་འགའ། །

སྨྱོན་པའི་སྟབས་སུ་རིམས་ནད་བཅོས། །

རང་སྲོག་རང་གིས་བཅད་དང་མཚུངས། །

དེས་ན་འདི་ལ་གཅེས་པར་བཟུང་། །

----ཀོང་རོང་སྨན་བླ་དོན་གྲུབ།

 

འདི་ན་སྨན་པའི་གཟུགས་བརྙན་འགའ། །

རང་གི་བསྲུང་བ་མི་ལྡན་པར། །

འདོད་པས་མྱོས་ཏེ་གཞན་གྱི་རིམས། །

སྲོག་དང་བསྡོས་ཏེ་བག་མེད་འཆོས། །

སྨྱོན་པའི་ཚོགས་ཀྱིས་དམག་གདོང་དུ། །

གཅེར་བུར་རལ་ཁ་བྱེད་པའམ། །

ཕྱེ་མ་ལེབ་རྣམས་མེར་མཆོང་བཞིན། །

ཀྱི་ཧུད་དེ་ལས་རྨོངས་པ་སུ། །

དེའི་ཕྱིར་བསྲུང་བ་ཤིན་ཏུ་གཅེས། །

----ཟུར་མཁར་མཉམ་ཉིད་རྡོ་རྗེ།

རྩོམ་སྒྲིག་པ། : གསང་བདག་རྒྱལ།