ཆར་འབབ་དུས་ཀྱི་ལུས་ཟུངས་གསོ་ཐབས།

ཆར་འབབ་ནི་དུས་གཟེར་ཉེར་བཞིའི་ཁྲོད་ཀྱི་གཉིས་པ་རེད།སྐབས་འདིར་གནམ་གཤིས་ཇེ་དྲོ་དང་ཆར་བ་འབབ་ཚད་ཇེ་མང་དུ་སོང་ཡོད་ནའང་།སྤྱིའི་མཁའ་དབུགས་ད་རུང་འཁྱགས་སིབ་སིབ་ཏུ་འདུག ཆར་འབབ་ཀྱི་དུས་སུ་ལུས་ཟུངས་གསོ་བར་གཤམ་གྱི་འདི་དག་ལ་མཉམ་འཇོག་བྱེད་དགོས་པ་སྟེ།

གཅིག ལུགས་དང་མཐུན་པར་ངལ་གསོ་དགོས། གནའ་མི་རྣམས་ཀྱིས་ཉི་མ་ཤར་རྗེས་ལས་ལ་བརྩོན་ཞིང་།ཉི་མ་ནུབ་རྗེས་ངལ་གསོ་བ་ཡིན་མོད། འོན་ཀྱང་དེང་རབས་ཀྱི་མི་རྣམས་མཚན་བརྒལ་ཏེ་མི་གཉིད་པའི་མི་ཇེ་མང་ནས་ཇེ་མང་ཡིན་པས། གཉིད་ཀྱིས་མི་འདང་བའི་གནས་ཚུལ་རྒྱུན་དུ་འབྱུང་གིན་ཡོད།ང་ཚོས་ཤེས་གསལ་ལྟར།མིའི་རིགས་ངལ་གསོ་བར་གཏན་འཇགས་ཀྱི་སྐྱེ་དངོས་དུས་ཚོད་ཅིག་ཡོད་པས། དུས་ཡུན་རིང་པོར་གཉིད་ཆག་ན་སྲིབ་ཟད་གདགས་ཉམས་འབྱུང་བ་རེད། དེའི་རྐྱེན་གྱིས་སྔ་ཉལ་སྔ་ལངས་བྱས་ཏེ་རང་བྱུང་ཆོས་ཉིད་དང་བསྟུན་ཅི་ཐུབ་བྱེད་དགོས།

ཆར་འབབ་དུས་སུ་གནམ་གཤིས་འཁྱགས་པ་ནས་དྲོན་པོར་བར་བརྒལ་བྱེད་པའི་དུས་ཡིན་པས།མཁའ་དབུགས་ཧ་ཅང་འཁྱགས་པ་རེད།རྒན་པ་རྣམས་ཀྱིས་ལུས་པོ་དྲོན་པོ་བྱས་ཏེ། ཀླད་སྙིང་ཁྲག་རྩའི་ནད་འབྱུང་བ་སྔོན་འགོག་བྱེད་དགོས།

གཉིས། བཟའ་བཏུང་ལུགས་མཐུན་བརྟེན་དགོས། དཔྱིད་ཀར་སྐྱུར་བའི་རིགས་དང་ཚྭ་ཆེ་བའི་རིགས།སྣུམ་ཆེ་བའི་ཟས་རིགས་ཉུང་བསྟེན་བྱས་ཏེ།མཚེར་བ་དང་མཆིན་པར་འཕྲོད་པའི་རོ་མངར་ཞིང་འཇུ་སླ་བའི་ཟས་རིགས་བསྟེན་དགོས།

གསུམ། སེམས་ཁམས་བདེ་ལ་འབབ་དགོས།《ཧོང་ཏི་སྨན་གཞུང》གི་ནང་དུ།“ཞེ་སྡང་ནི་ནད་རིགས་ཀུན་གྱི་རྩ་བ་ཡིན”ཞེས་བརྗོད་ཡོད་པ་དང་།གནའ་དེང་གི་སྨན་པ་མང་པོས་ཀྱང“སྨན་པ་བཟང་པོ་ཞིག་ཡིན་ན།ཐོག་མར་མི་ཡི་སེམས་ནད་བཅོས་རྗེས།ད་གཟོད་ལུས་ནད་བཅའ་དགོས”ཞེས་བཤད་ཡོད་པ་རེད།

དཔྱིད་ཀ་ནི་མཆིན་རླུང་རྒྱས་པའི་དུས་ཡིན་པས། ཞེ་སྡང་གིས་མཆིན་པར་གནོད་པ་ཆེན་པོ་ཐེབས་སྲིད།ཆར་འབབ་དུས་སུ་ལུས་ཟུངས་གསོ་འདོད་ན་ཁོང་ཁྲོ་གཏན་ནས་ལངས་མི་རུང་བར།སེམས་ཁམས་མི་སྐྱིད་པའི་བྱ་བ་གང་ཞིག་དང་འཕྲད་སྐབས་ངེས་པར་མྱུར་བ་མྱུར་དུ་སེམས་ཁམས་བདེ་ལ་འབབ་ཏུ་འཇུག་དགོས།སེམས་ཁམས་སྐྱིད་པོ་ཡོང་ན་ད་གཟོད་སེམས་པ་རྣལ་ལ་འབབ་ཐུབ་པ་དང་མཆིན་པར་སྲུང་སྐྱོབ་བྱེད་ཐུབ། དེ་བས་སེམས་འགུལ་ཐེབས་པའམ་ཡང་ན་ངར་ལངས་པ་སོགས་ལའང་འཛེམ་དགོས།

བཞི། གོམས་གཤིས་མི་ལེགས་པ་བསྒྱུར་དགོས། དུ་བ་འཐེན་པ་དང་ཆང་འཐུང་བ།མཚན་བརྒལ་ཏེ་མི་གཉིད་པ།ལུས་སྦྱོང་མི་བྱེད་པ།ཁ་ཚའི་རིགས་དང་སྣུམ་ཞག་མཐོ་བའི་ཟས་རིགས། ཡང་ན་འཁྱགས་ཟས་བཅས་བཟའ་རྒྱུར་དགའ་བ།རྒྱས་བཟའ་རྒྱས་འཐུང་བྱེད་པ་སོགས་ཀྱི་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ངན་པ་བསྒྱུར་དགོས་པར་མ་ཟད། ད་རུང་སྐམ་ཁབ་རྒྱག་པ་དང་ཀྲུང་སྨན་འཐུང་བ། མེ་བུམ་དང་མེ་བཙའ་འཇོག་པ། ཀྲུང་སྨན་གྱིས་རྐང་བ་སྦང་བ་སོགས་ཀྱི་ཀྲུང་ལུགས་གསོ་རིག་གི་བཅོས་ཐབས་ལ་བརྟེན་ནས་ལུས་ཟུངས་གསོས་ཆོག་གོ །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།