ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཁམས་སྙོམ་སྒྲིག་བྱེད་པའི་ཐབས་ལམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སུང་བྱང་མའི་དུས་སྐབས་སུ་མཁས་པ་སྤུན་གཉིས་ཡོད།དེ་གཉིས་ཀྱི་གཅིག་གི་མིང་ལ་ཁྲེང་ཧའོ་དང་།གཅིག་གི་མིང་ལ་ཁྲེང་དབྱི་ཟེར་བས།མི་རྣམས་ཀྱིས“ཁྲེང་ཚང་གི་བུ་གཉིས”ཞེས་འབོད་པ་རེད།

ཉིན་ཞིག ཁོ་གཉིས་གྲོགས་པོ་ཞིག་གི་ཁྱིམ་ཚང་གི་གསོལ་སྟོན་དུ་ཞུགས་པ་དང་།གསོལ་སྟོན་སྟེང་གཟབ་མཆོར་སྤྲས་པའི་གཞས་མ་འགས་མགྲོན་པོ་རྣམས་ལ་ཆང་འདྲེན་བཞིན་འདུག ཁྲེང་དབྱི་ཡིས་སྣང་ཚུལ་དེ་བློ་ལ་མ་བབས་པར་ཁོང་ཁྲོ་དང་བཅས་ཏེ་ཕྱིར་བུད་སོང་།ཁྲེང་ཧའོ་ལ་སྣང་དོགས་གང་ཡང་མེད་པར་ཟ་མ་རྒྱགས་ཆོད་པ་ཞིག་ཟོས་རྗེས་དགའ་ལྷང་ལྷང་གིས་བསྡད།

ཕྱི་ཉིན། ཁྲེང་དབྱི་ཡིས་ད་རུང་ཁོང་ཁྲོ་གནོན་མ་ཐུབ་པར་ཁྲེང་ཧའོ་ཡི་དཔེ་ཁང་དུ་ཡོང་ནས། ཕུ་བོར་ལེ་བདའ་བྱས་པ་ལ། ཁྲེང་ཧའོ་ཡིས་ནུ་བོའི་བཟོ་ལྟ་དེ་མཐོང་རྗེས་དགོད་ཞོར་དུ་བཤད་རྒྱུར།“ཁྱེད་ཀྱིས་ད་རུང་བྱ་བ་དེ་སེམས་སུ་ཉར་ཡོད་དམ།ཁ་སང་གི་གསོལ་སྟོན་སྟེང་གཞས་མ་ཡོད་ནའང་།ངའི་སེམས་སུ་གཞས་མ་མེད་ལ།དེ་རིང་གི་དཔེ་ཁང་ནང་གཞས་མ་མེད་ནའང་།ཁྱོད་ཀྱི་སེམས་སུ་གཞས་མས་ཁེངས་འདུག”ཅེས་བཤད།

ཁྲེང་དབྱི་ཡིས་ཕུ་བོའི་སྐད་ཆ་དེ་ལ་མཉན་རྗེས་ངོ་གནོང་པར་གྱུར་པ་དང་། རང་ཉིད་ཀྱི་བློ་སྦྱོང་ནི་ནམ་ཡང་ཕུ་བོའི་རྗེས་སུ་ལུས་ཡོད་པ་གཞི་ནས་ཤེས་སོང་།

དུས་རྒྱུན་གྱི་འཚོ་བའི་ཁྲོད། མི་མང་པོ་ཞིག་གི་བྱ་སྤྱོད་དང་སེམས་ཁམས་ལ་རྒྱུན་དུ་མི་གཞན་པས་ཤུགས་རྐྱེན་ཐེབས་ཀྱིན་ཡོད།མི་གཞན་པ་དེ་ཁྱོད་ཀྱི་སེམས་ཁམས་ལ་ཁ་ལོ་སྒྱུར་མཁན་དུ་གྱུར་ཚེ། ཁྱོད་ཀྱིས་རང་ཉིད་ནི་གནོད་འཚེ་ཐེབས་མཁན་ཞིག་ཡིན་པར་འདོད་པ་དང་།རང་ཉིད་ལ་མིག་མདུན་གྱི་དོན་དག་དེ་ཐག་གཅོད་བྱེད་པའི་ནུས་པ་མེད་སྐབས།སེམས་ཁམས་ནི་རང་བཞིན་གྱིས་མི་སྐྱིད་པར་གྱུར་པ་རེད།མི་བསམ་ཤེས་ཤིག་ཡིན་ན་རང་ཉིད་ཀྱི་སེམས་ཁམས་ལ་ནམ་ཡང་རང་ཉིད་ཀྱིས་སྙོམས་སྒྲིག་བྱེད་ཤེས་དགོས་པར་མ་ཟད།ནམ་ཡང་ཕ་རོལ་པ་འཛུམ་གྱིས་བསུ་ཅི་ཐུབ་བྱེད་དགོས།

ཁྱོད་ཀྱི་སེམས་ཁམས་དང་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ལྡེ་མིག་དེ་ནམ་ཡང་རང་ཉིད་ཀྱི་ལག་ཏུ་ཡོད་དགོས་ལ།གལ་ཏེ་ལྡེ་མིག་དེ་མི་གཞན་གྱི་ལག་ཏུ་ཤོར་ན། ལྡེ་མིག་དེ་བཙལ་ཅི་ཐུབ་བྱས་ཏེ། རང་ཉིད་ཀྱི་ལུས་ཕུང་བདེ་ཐང་གི་སྒོ་ཟྭ་འབྱེད་པར་འབད་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།