གནམ་གཤིས་ཇེ་འཁྱག་ཏུ་སོང་བས་ཀླད་པའི་ཁྲག་རྩའི་ནད་འབྱུང་བར་གཟབ་དགོས།

གཅིག གྲང་ངར་གྱིས་ཁྲག་རྩ་འཁུམ་དུ་འཇུག་པ་དང་། སྙིང་གི་ཁུར་པོ་ཇེ་ལྕིར་བཏང་བས། ཀླད་ཁྲག་ཤོར་བ་ལས་ཤི་བའི་ཉེན་ཁ་ཇེ་ཆེར་བཏང་བ་རེད།

གཉིས། དགུན་ཁར་ཁང་པའི་ཕྱི་ནང་གི་དྲོད་གྲང་མི་སྙོམས་པས།ཁྲག་ཤེད་ལ་གཡོ་འགུལ་འབྱུང་སླ་ཞིང་།འཕར་རྩ་སྲ་འགྱུར་འབྱུང་བའི་ཚད་ཇེ་མགྱོགས་སུ་བཏང་བ་རེད།

གསུམ། གྲང་འཁྱག་གིས་ཀླད་པའི་ཁྲག་རྩ་འཁུམ་པར་ཕོག་ཐུག་བཏང་བས།སྔར་ནས་འགག་ཉེན་ཆེ་བའི་ཁྲག་རྩ་དེ་སྔར་བས་འགག་ཏུ་བཅུག་ནས།ཁྲག་རྩ་འགགས་ནས་ཤི་བའི་ཉེན་ཁ་ཇེ་ཆེར་བཏང་བ་རེད།

བཞི། གནམ་གཤིས་འཁྱག་པའི་སྐབས་སུ།མི་རྣམས་ཕྱི་རོལ་ཏུ་སོང་ནས་འགུལ་སྐྱོད་བྱེད་པའི་ཚད་ཇེ་ཉུང་དུ་བཏང་བའི་ཁར།ཁོར་ཡུག་ལ་རླུང་མི་རྒྱུ་བས།ཀླད་པར་ཁྲག་གིས་མི་འདང་བ་དང་དབྱང་དབུགས་ཀྱིས་མི་འདང་བའི་གནས་ཚུལ་ཇེ་མང་དུ་བཏང་ཞིང་།ཀླད་པའི་ཁྲག་རྩའི་ནད་ཀྱི་འབྱུང་ཚད་ཇེ་མཐོར་བཏང་བ་རེད།

ལྔ། དགུན་ཁར་གནམ་གཤིས་སྐམ་ཤས་ཆེ་བ་དང་།མིའི་ལུས་སྟེང་གི་ཆུ་ཤོར་ཚད་མཐོ་བས།ཁྲག་རྒྱུན་ལ་འབྱར་བག་ཆེ་བ་དང་ཁྲག་གི་འཁོར་རྒྱུག་ཇེ་དལ་དུ་བཏང་ཞིང་།ཁག་དཀག་འབྱུང་བའི་གནས་ཚུལ་ཇེ་མང་དུ་བཏང་བ་རེད།

ནད་རྟགས་གང་དག་འབྱུང་སྐབས་ངེས་པར་དུ་མཉམ་འཇོག་བྱེད་དགོས་སམ།

གཤམ་གྱི་ནད་རྟགས་འདི་དག་འབྱུང་སྐབས་མཉམ་འཇོག་ལེགས་པོ་བྱས་ཏེ།ཀླད་ཁྲག་ཤོར་བ་ལས་ཤི་བའི་ཉེན་ཁ་ཇེ་ཉུང་དུ་གཏོང་དགོས།

ངོ་གདོང་གི་གཞོགས་གཅིག་དང་ལག་པ།རྐང་པ་སོགས་གློ་བུར་སྦྲིད་པའམ་ཤུགས་མེད་པར་གྱུར་པ་དང་།ཡང་ན་གློ་བུར་རྣམ་རིག་མི་གསལ་བར་གྱུར་ཏེ་སྐད་ཆ་རྡབ་རྡིབ་བཤད་པའམ་གཞན་གྱིས་བཤད་པའི་སྐད་ཆའི་དོན་རྟོགས་དཀའ་བ།གློ་བུར་མིག་གཅིག་དང་ཡང་ན་མིག་ཟུང་གི་མིག་ཤུགས་ཉམས་ཏེ་རབ་རིབ་ཏུ་གྱུར་པ།གློ་བུར་མགོ་ཡོམ་འཁོར་ཏེ་གོམ་པ་བརྟན་པོར་སྤོ་མི་ཐུབ་པ་དང་འགུལ་སྐྱོད་དོ་མཉམ་མི་ཡོང་བ།གློ་བུར་མགོ་བོའི་གཞོགས་གཅིག་ན་བ་སོགས་ཀྱི་གནས་ཚུལ་འབྱུང་སྐབས་ངེས་པར་མྱུར་བ་མྱུར་དུ་སྨན་ཁང་ལ་སོང་ནས་སྨན་པར་སྟོན་དགོས་པ་ལས།གསོ་བཅོས་ལ་འགོར་འགྱངས་ཐེབས་སུ་འཇུག་མི་རུང་།

གནམ་གཤིས་འཁྱག་པའི་སྐབས་སུ་དོ་སྣང་བྱེད་དགོས་ས་གང་དག་ཡོད་དམ།

འཚོ་བའི་གོམས་སྲོལ་ལེགས་པོ་ཞིག་རྒྱུན་སྲུང་བྱེད་པ་དང་།བཟའ་བཏུང་ལུགས་མཐུན་སྤྱོད་པ།འགུལ་སྐྱོད་འོས་འཚམ་བྱེད་པ།སེམས་ཁམས་སྙོམས་སྒྲིག་བྱེད་པ་བཅས་བྱས་ཏེ།སེམས་ལ་གནོན་ཤུགས་མེད་པར་བྱེད་པ་དང་།རྒྱུན་མཐོང་གི་ནད་རིགས་ཆུང་ཆུང་དག་ལ་གསོ་བཅོས་ཚད་ལྡན་བྱས་ཏེ།ཀླད་པའི་ཁྲག་རྩའི་ནད་འབྱུང་བ་ནུས་ལྡན་སྒོས་སྔོན་འགོག་དང་ཡང་ན་ཇེ་ཡང་དུ་གཏོང་དགོས།

གཅིག ཕྱི་རོལ་ཏུ་འགྲོ་སྐབས་ལྭ་བ་དྲོན་པོ་གྱོན་ཏེ་གྲང་ངར་གྱི་ཕོག་ཐུག་མི་མྱོང་བར་བྱེད་པ་དང་།ཁང་པའི་ཕྱི་ནང་གི་དྲོད་གྲང་མི་སྙོམས་པར་དོ་སྣང་ལེགས་པོ་བྱེད་དགོས།

གཉིས། དུས་ཡུན་རིང་པོར་སྒེའུ་ཁུང་བརྒྱབ་སྟེ་ཁང་པའི་ནང་དུ་རླུང་མ་རྒྱུ་ན་དབྱང་དབུགས་ཀྱིས་མི་འདང་བའི་ཉེན་ཁ་ཆེ་བས།དུས་བཅད་ནང་སྒེའུ་ཁུང་ཕྱེ་སྟེ་རླུང་རྒྱུ་རུ་འཇུག་དགོས།

གསུམ། ལུས་སྦྱོང་འོས་འཚམ་བྱེད་དགོས་པ་ལས།འགུལ་སྐྱོད་དྲག་པོ་བྱེད་མི་རུང་།དགུན་ཁར་ལུས་སྦྱོང་བྱེད་པའི་དུས་ཚོད་སྔ་མི་རུང་བར།སྔ་དྲོའི་དུས་ཚོད10ནས་ཕྱི་དྲོའི་དུས་ཚོད3བར་གྱི་ཉི་འོད་དང་མཁའ་དབུགས་དྲོན་པོ་ཡིན་པའི་སྐབས་སུ་ལུས་སྦྱོང་བྱེད་དགོས།

བཞི། དགུན་ཁར་དབྱར་ཁ་ལྟ་བུའི་ཁ་སྐོམ་པའི་ཚོར་སྣང་དྲག་པོ་མེད་ནའང་།ལུས་སྟེང་གི་ཆུ་ཤོར་ཚད་ཧ་ཅང་མཐོ་བས།དུས་ཐོག་ཏུ་ཆུ་འཐུང་རྒྱུ་བརྗེད་མི་རུང་།

ལྔ། བཟའ་བཏུང་གི་ཐད་ནས་འཇུ་སླ་བ་དང་ཚྭ་སྣུམ་ཉུང་བ།འཚོ་བཅུད་འཛོམས་པོ་ཡིན་པའི་ཟས་རིགས་གཙོ་བོར་བརྟེན་དགོས་པ་དང་།སིལ་ཏོག་དང་སྔོ་ཚོད།འབྲུ་རྩིང་མང་དུ་བརྟེན་དགོས་སོ། །

ཉིན་འདི་འགར་གནམ་གཤིས་ཇེ་འཁྱག་ཏུ་སོང་བའི་དབང་གིས།ཀླད་པའི་ཁྲག་རྩའི་ནད་དང་ཁྲག་ཤེད་མཐོ་བའི་ནད།གཅིན་སྙི་ཟ་ཁུའི་ནད།ཁྲག་ཚིལ་མཐོ་བའི་ནད་སོགས་ཀྱི་འབྱུང་ཚད་ཇེ་མཐོར་སོང་ཡོད་པས།ཚང་མས་དོ་སྣང་བྱེད་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།