ཀྲུང་གོ་བོད་ཀྱི་དྲ་བ།

པྲོག་གསར་ནད་དུག་འགོག་ཁབ་ཀྱི་ཤེས་བྱ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱིས་པར་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་སྐབས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད་དམ།

འགོག་ཁབ་མ་བརྒྱབ་གོང་ལ་ལྟ་སྐྱོང་མཁན་གྱིས་ངེས་པར་བྱིས་པའི་འགོག་ཁབ་ལག་འཁྱེར་དང་ཐོབ་ཐང་ལག་འཁྱེར་འཛིན་དགོས་པར་མ་ཟད། ཕ་མ་གཉིས་ལས་ཕྱོགས་གཅིག་གི་ཐོབ་ཐང་ལག་འཁྱེར་རམ་ཁྱིམ་ཐོ་མཁོ་སྤྲོད་བྱེད་དགོས། པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་འབྲེལ་ཡོད་ཤེས་བྱར་རྒྱུས་ལོན་བྱེད་དགོས། འགོག་ཁབ་མ་བརྒྱབ་གོང་བྱིས་པས་ཟ་མ་བཟའ་དགོས་པ་དང་ལུས་སེམས་དུབ་མི་རུང་། འགོག་ཁབ་རྒྱག་པའི་ཉིན་དེར་ལྭ་བ་ཡང་མོ་གྱོན་དགོས།

འགོག་ཁབ་རྒྱག་སྐབས་སྨན་པར་རང་གི་བྱིས་པའི་བདེ་ཐང་གནས་ཚུལ་དང་འཛེམ་བྱ་ཅི་ཡོད་སྦ་གསང་མེད་པར་བཤད་དགོས་ལ། སྨན་པའི་དཔྱད་འཇོག་ལྟར་ལྟ་སྐྱོང་མཁན་ཡིད་འཐད་བྱུང་རྗེས་འགོག་ཁབ་བརྒྱབ་ཆོག

འགོག་ཁབ་བརྒྱབ་རྗེས། འགོག་ཁབ་རྒྱག་ས་ནས་སྐར་མ30རིང་ལྟ་ཞིབ་བྱས་ཏེ་གནད་དོན་ཅི་ཡང་མེད་ཚེ་ད་གཟོད་ཁ་འབྲལ་ཆོག གལ་ཏེ་གནད་དོན་ཡོད་ན་དུས་ཐོག་ཏུ་སྨན་པར་བཤད་དགོས་པ་དང་། ཕྱིར་ཁྱིམ་དུ་ལོག་རྗེས་བྱིས་པའི་བདེ་ཐང་གནས་ཚུལ་ལ་མཉམ་འཇོག་བྱེད་དགོས། གལ་ཏེ་མི་བདེ་བའི་གནས་ཚུལ་བྱུང་ན་དུས་ཐོག་ཏུ་སྨན་པར་བསྟེན་དགོས་པར་མ་ཟད། འགོག་ཁབ་རྒྱག་པའི་སྡེ་ཁག་ལ་ཡར་ཞུ་བྱེད་དགོས། འགོག་ཁབ་བརྒྱབ་ཤུལ་གཙང་མ་ཡོང་དགོས་པ་དང་། དུས་ལྟར་ངལ་གསོ་བྱེད་པ། ཟས་རིགས་ལ་ཁ་འཛེམ་པ། ཐལ་དྲགས་པའི་འགུལ་སྐྱོད་མི་བྱེད་པ་བཅས་སོ།།

བྱིས་པར་པྲོག་གསར་ནད་དུག་གི་འགོག་ཁབ་དང་གཞན་པའི་འགོག་ཁབ་མཉམ་གཅིག་ཏུ་བརྒྱབ་ཆོག་གམ།

རྩ་དོན་ལྟར་ན་གཞན་པའི་འགོག་ཁབ་དང་མཉམ་དུ་རྒྱག་མི་རུང་། པྲོག་གསར་ནད་དུག་གི་འགོག་ཁབ་དང་གཞན་པའི་འགོག་ཁབ་བར་ཉུང་མཐའ་ཡང་ཉིན14འཇོག་དགོས་མོད། འོན་ཀྱང་གལ་ཏེ་ཁྱིས་རྨུགས་པའམ་རྨས་སྐྱོན་བཟོས་པ་སོགས་དམིགས་བསལ་གྱི་གནས་ཚུལ་བྱུང་སྟེ་ཁྱི་སྨྱོན་ནད་ཀྱི་འགོག་ཁབ་སོགས་རྒྱག་དགོས་ན། པྲོག་གསར་ནད་དུག་འགོག་ཁབ་དང་མཉམ་དུ་བརྒྱབ་ཆོག

གལ་ཏེ་བྱིས་པའི་རྒྱུན་ལྡན་གྱི་འགོག་ཁབ་རྒྱག་པའི་དུས་ཚོད་དང་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་དུས་ཚོད་མཉམ་དུ་ཁེལ་ཚེ། སྔོན་ལ་རིམས་འགོག་འཆར་འགོད་ཀྱི་འགོག་ཁབ་རྒྱག་དགོས་ལ། དེའི་རྗེས་སུ་ད་གཟོད་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་དགོས།

དོ་སྣང་བྱེད་དགོས་པའི་དོན་དག་གཞན་དག་སྐོར།

(1)གལ་ཏེ་བྱིས་པར་ཚ་རྒྱག་པ་དང་གློ་ལུ་བ། ཡང་ན་གཅོང་ནད་འཕར་སྒང་ཡིན་པའི་སྐབས་སུ། གནས་སྐབས་སུ་འགོག་ཁབ་རྗེས་སུ་བསྣུར་ཏེ། བྱིས་པའི་ལུས་ཕུང་བདེ་ཐང་བྱུང་རྗེས་བརྒྱབ་ཆོག

(2)འགོག་ཁབ་རྒྱག་པའི་གོ་རིམ་ཧྲིལ་པོར་ཁ་ཐུམ་བརྒྱབ་ནས་མི་གཞན་དང་བར་ཐག་སྨི་གཅིག་འཇོག་དགོས།

(3)འགོག་ཁབ་རྒྱག་པའི་སྔ་རྗེས་སུ། བྱིས་པའི་ལུས་ཁམས་ཀྱི་གནས་ཚུལ་དང་ཚ་གྲང་འགྱུར་ལྡོག་ལ་ཞིབ་ཏུ་བརྟག་དགོས།

(4) པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་རྗེས། སྔར་བཞིན་མི་སྒེར་གྱི་བདེ་ཐང་འགོག་སྲུང་ལེགས་པོ་བྱས་ཏེ། ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། རླུང་རྒྱུ་རུ་འཇུག་པ། མི་མང་སར་མི་འགྲོ་བ་སོགས་ཀྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།