ཀྲུང་གོ་བོད་ཀྱི་དྲ་བ།

དལ་གཤིས་རྨེན་བུའི་ཕྲ་ཕུང་རིགས་ཀྱི་ཁྲག་རིལ་དཀར་པོའི་ནད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྨེན་བུའི་ཕྲ་ཕུང་ནི་ཁྲག་རིལ་དཀར་པོའི་ནད་ཀྱི་ཕྲ་ཕུང་ཞིག་རེད། ཕྲ་ཕུང་གཅིག་གམ་ཡང་ན་ཕྲ་ཕུང་འགའ་ནད་འགྱུར་བྱུང་རྗེས།དལ་གཤིས་རྨེན་བུའི་ཕྲ་ཕུང་རིགས་ཀྱི་ཁྲག་རིལ་དཀར་པོའི་ནད་བྱུང་བ་དང་། རྨེན་བུའི་ཕྲ་ཕུང་གི་འཚར་ལོངས་འབྱུང་ཚད་དང་ཤི་ཚད་སོགས་རྒྱུན་ལྡན་མིན་པར་གྱུར་ཏེ། ཁྲག་རིལ་དཀར་པོའི་ནད་ཀྱི་རྨེན་བུའི་ཕྲ་ཕུང་འབོར་ཆེན་སྐྱེ་འཕེལ་བྱེད་པ་དང་རིགས་མཚུངས་ཅན་གྱི་ཕྲ་ཕུང་བྱུང་ནས། དུས་ཡུན་ངེས་ཅན(ལོ་འགའ་རེ་འགོར་བ)ཞིག་འགོར་རྗེས། ཁྲག་རིལ་ནད་ཀྱི་ཕྲ་ཕུང་གི་གྲངས་འབོར་རིམ་གྱིས་རྨེན་བུའི་གཤེར་རྨེན་ནང་གི་རྒྱུན་ལྡན་གྱི་ཕྲ་ཕུང་དཀར་པོ་ལས་བརྒལ་ན། བདེ་ཐང་ཕྲ་ཕུང་གི་རེད་ནད་འགོག་ཤུགས་ཇེ་ཆུང་དུ་འགྲོ་བ་རེད།

ཁྲག་རིལ་དཀར་པོའི་ནད་ཀྱི་ཕྲ་ཕུང་དེ་ད་རུང་རྨེན་བུའི་གཤེར་རྨེན་བརྒྱུད་དེ་ཁྲག་རྩའི་ནང་དུ་རྒྱུ་བ་དང་། ཁྲག་རྒྱུན་དང་འགྲོགས་ཏེ་མཚེར་བ་དང་མཆིན་པ།རུས་རྐང་སོགས་ཀྱི་ནང་དུ་ཞུགས་པ་རེད། གལ་ཏེ་རུས་རྐང་ནང་གི་ཁྲག་རིལ་དཀར་པོའི་ནད་ཀྱི་ཕྲ་ཕུང་ཇེ་མང་དུ་སོང་ན། རུས་རྐང་གི་ཁྲག་གི་ཕྲ་ཕུང་བཟོ་བའི་ནུས་པ་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བ་དང་།དེས་ཟུངས་ཁྲག་ཉམས་པ་དང་རེད་སླ་བ།ཁྲག་རྡོལ་བ་སོགས་ཀྱི་གནད་དོན་མང་པོ་མང་པོ་ཞིག་བཟོ་སྲིད།

ནད་རྟགས། དང་པོའི་དུས་སུ་ནད་རྟགས་གང་ཡང་མི་མངོན་པས། རྒྱུན་དུ་ནད་རིགས་གཞན་པ་ལ་བརྟག་དཔྱད་བྱེད་པའི་སྐབས་སུ་ཁྲག་གི་ནང་དུ་ཁྲག་རིལ་དཀར་པོ་ཡོད་པ་ཚོར་བའི་གནས་ཚུལ་ཧ་ཅང་མང་། ལན་རེར་སྐེ་དང་མཆན་འོག གསུས་ཁོག་སོགས་ཀྱི་རྨེན་བུ་སྐྲངས་པའི་གནས་ཚུལ་འབྱུང་བ་དང་།ཡང་ན་མཚེར་བ་སྐྲངས་ཏེ།ལུས་གཟུགས་ཡོངས་མི་བདེ་བ་དང་ཟས་ལ་ཡི་ག་མེད་པ།ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ།ཚ་རྒྱས་པ།རྔུལ་ཆུ་མང་པོ་འབྱུང་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད།

གསོ་བཅོས། སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་རྗེས།གལ་ཏེ་ཁྲག་རིལ་དཀར་པོའི་ནད་ཡོད་པ་ཤེས་ན།འབྲས་འགོག་སྨན་རྫས་འཐུང་སྟེ་ནད་རྟགས་འགོག་པའམ་ཡང་ན་འགོག་བཅོས་ནུས་ལྡན་བྱེད་དགོས།གལ་ཏེ་སྨན་རྫས་དེའི་རིགས་ཀྱིས་གོ་མི་ཆོད་པའམ་ཡང་ན་སྨན་བཅོས་དེའི་རིགས་དུས་ཡུན་ངེས་ཅན་ཞིག་བྱས་རྗེས་ནུས་པ་མེད་པར་གྱུར་ན། འབྲས་འགོག་སྨན་རྫས་གཞན་དག་དང་བསྡེབས་ཏེ་གསོ་བཅོས་བྱེད་དགོས་པ་དང་། དེ་ལྟར་བྱས་ན་ནད་གཞི་ཇེ་ཡང་དུ་གཏོང་བར་ཕན་པ་ངེས་ཅན་ལྡན།

དལ་གཤིས་རྨེན་བུའི་ཕྲ་ཕུང་རིགས་ཀྱི་ཁྲག་རིལ་དཀར་པོའི་ནད་པ་གསོ་བཅོས་མ་བྱས་ནའང་ལོ་འགའ་རེར་གསོན་ཐུབ་ལ།གསོ་བཅོས་བྱས་རྗེས་མུ་མཐུད་དུ་ལོ་འགའ་རེར་བདེ་ཐང་གི་གནས་བབ་རྒྱུན་འཛིན་བྱེད་ཐུབ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།