འགོས་ནད་ཀྱི་མཆེད་ཚུལ་ལ་གང་དག་ཡོད་དམ།

མཁའ་དབུགས་བརྒྱུད་དེ་མཆེད་པ། དེ་ནི་དབུགས་ལམ་མ་ལག་གི་འགོས་ནད་མཆེད་པའི་ལམ་གཙོ་བོ་ཞིག་ཡིན་ལ། དེའི་ནང་མཆིལ་ཟེགས་བརྒྱུད་དེ་མཆེད་པ་དང་།མཆིལ་ཟེགས་ཉིང་རྡུལ་བརྒྱུད་དེ་མཆེད་པ། ས་རྡུལ་བརྒྱུད་དེ་མཆེད་པ་བཅས་མཆེད་ཚུལ་རིགས་གསུམ་ཡོད།དཔེར་ན།སྒོ་འབྱེད་རང་བཞིན་དང་འགུལ་སྐྱོད་རང་བཞིན་གྱི་འདུས་འདྲིལ་གློ་གཅོང་དང་།སིབ་བི།རླུང་འབྲུམ་ལ་སོགས་པའི་འགོས་ནད་ལྟ་བུ།

ཆུ་བརྒྱུད་དེ་མཆེད་པ། དེའི་ནང་དུ་འཐུང་ཆུ་བརྒྱུད་དེ་མཆེད་པ་དང་རིམས་ནད་ཀྱི་ཆུ་ལ་རེག་ཐུག་བྱས་པ་ལས་མཆེད་པ་གཉིས་འདུས། སྤྱིར་བཏང་གི་རྒྱུ་ལམ་འགོས་ནད་དག་འདི་ལྟར་འགོས་པ་རེད། ཆུ་ཁུངས་སྦགས་བཙོག་ཐེབས་པ་ནི་རང་འབབ་ཆུའི་སྦུག་དྲར་གཏོར་སྐྱོན་ཕོག་སྟེ་བཙོག་ཆུ་དེའི་ནང་དུ་སིམ་འཛུལ་བྱས་པ་ལས་བཟོས་པ་ཞིག་ཡིན་ལ།བཤང་གཅི་དང་བཙོག་དངོས་ཀྱིས་ཆུ་ཁུངས་ལ་སྦགས་བཙོག་བཟོས་པའི་རྐྱེན་གྱིས་བྱུང་བའང་ཡོད། དཔེར་ན།རྒྱུ་ཚད་དང་བཤལ་ནད་སོགས་ལྟ་བུ།

ཟས་རིགས་བརྒྱུད་དེ་མཆེད་པ། གཙོ་བོ་ནི་རྒྱུ་ལམ་གྱི་འགོས་ནད་དང་གཞན་བརྟེན་སྲིན་འབུའི་ནད།དབུགས་ལམ་མ་ལག་གི་ནད་རིགས་ཉུང་ཤས་བཅས་ཀྱི་མཆེད་ཚུལ་རེད། ཟས་རིགས་ལ་མ་གཞི་ནས་ནད་གདོད་གཟུགས་ཡོད་པ་དང་ཡང་ན་ནད་གདོད་གཟུགས་ཀྱི་སྦགས་བཙོག་ཐེབས་སྐབས་འགོས་ནད་འབྱུང་བ་རེད། དཔེར་ན། མཆིན་ཚད་ཀ་པ་དང་རྒྱུ་མའི་གཞན་བརྟེན་སྲིན་འབུའི་ནད་སྣ་ཚོགས་ལྟ་བུ།

འབྲེལ་འདྲིས་བརྒྱུད་དེ་མཆེད་པ། དེ་ལ་ཐད་ཀར་འབྲེལ་འདྲིས་བྱས་པ་ལས་མཆེད་པ་དང་བར་བརྒྱུད་འབྲེལ་འདྲིས་བྱས་པ་ལས་མཆེད་པ་གཉིས་ཡོད། ཐད་ཀར་འབྲེལ་འདྲིས་བྱས་པ་ལས་མཆེད་པ་ཞེས་པ་ནི་ནད་གདོད་གཟུགས་དེ་འགོ་ཁུངས་ནས་ཐད་ཀར་འགོ་བ་ལ་གོ། དཔེར་ན་འཁྲིག་སྤྱོད་འགོ་ནད་ལྟ་བུ། བར་བརྒྱུད་འབྲེལ་འདྲིས་བྱས་པ་ལས་མཆེད་པ་ཞེས་པ་ནི་སྦགས་བཙོག་ཐེབས་པའི་དངོས་པོར་བར་བརྒྱུད་ཀྱིས་འབྲེལ་འདྲིས་བྱས་པ་ལས་འགོས་པ་ལ་ཟེར། དཔེར་ན་ལག་པས་རྒྱུན་སྤྱོད་དངོས་པོ(མལ་ཆས་དང་།རྩེད་ཆས།གསོལ་ཆས།གྱོན་གོས་སོགས)སོགས་འགོ་ཁུངས་ཀྱི་ཕྱིར་ཕུད་དངོས་པོ་དང་ཟགས་ཐོན་དངོས་པོ་ལ་རེག་ཐུག་བྱས་པ་ལས་འགོས་པ་ལྟ་བུ།རྒྱུ་ལམ་གྱི་འགོས་ནད་དང་ལུས་ངོས་ཀྱི་འགོས་ནད།དེ་མིན་ད་རུང་མི་ཕྱུགས་གཉིས་ཀར་འབྱུང་བའི་འགོས་ནད་སོགས་ནི་ལམ་འདི་བརྒྱུད་དེ་འགོ་བ་རེད། དཔེར་ན།རྐང་ལག་ཁ་ནད་དང་མཆིན་ཚད་དང་ཨེ་ཙིའི་ནད་སོགས་ལྟ་བུ།

སུག་ལྡན་སྲོག་ཆགས་བརྒྱུད་དེ་མཆེད་པ། སུག་ལྡན་སྲོག་ཆགས་དེ་བརྒྱུད་ལམ་བྱས་ཏེ་བྱུང་བའི་འགོས་ནད་ཅིག་ཡིན།དེའི་ནང་དུ་གཞན་རྐྱེན་གྱིས་ཁྱེར་བ་དང་སྐྱེ་དངོས་རང་བཞིན་གྱིས་མཆེད་པ་གཉིས་འདུས། དཔེར་ན།དུག་སྦྲང་གིས་མཆེད་པའི་འདར་ནད་ལྟ་བུ།

ས་གཞི་བརྒྱུད་དེ་མཆེད་པ། འགོ་སླ་བའི་མི་ཚོགས་དེ་ནད་གདོད་གཟུགས་ཀྱི་སྦགས་བཙོག་ཐེབས་པའི་ས་གཞི་ལ་འབྲེལ་འདྲིས་སྣ་ཚོགས་བྱས་པ་ལ་བརྟེན་ནས་བྱུང་བའི་འགོས་ནད་ལ་གོ། ས་གཞི་བརྒྱུད་དེ་འགོ་བའི་ནད་རིགས་ནི་གཙོ་བོ་རྒྱུ་ལམ་གྱི་གཞན་བརྟེན་སྲིན་འབུའི་ནད་ཁག་ཅིག་དང་དེ་བཞིན་ཐུམ་རྡུལ་ཆགས་ཐུབ་པའི་འབུ་ཕྲ་བརྒྱུད་དེ་འགོས་པའི་ནད་རིགས་ལ་གོ། དཔེར་ན་རྨ་ངན་དུག་མཆེད་ལྟ་བུ།

སྨན་བཅོས་བྱས་པ་ལས་མཆེད་པ། དེ་ནི་སྨན་བཅོས་དང་སྔོན་འགོག་བྱེད་པའི་གོ་རིམ་ཁྲོད། སྒྲིག་སྲོལ་ལམ་ལུགས་དང་བཀོལ་སྤྱོད་བྱེད་སྟངས་སོགས་ལག་བསྟར་གཟབ་ནན་མ་བྱས་པའི་དབང་གིས་འགོས་པ་ལ་གོ། དཔེར་ན། སྨན་བཅོས་ཡོ་བྱད་ལ་དུག་སེལ་ལེགས་པོ་མ་བྱས་པ་དང་། སྨན་རྫས་དང་སྐྱེ་དངོས་ཀྱི་སྨན་རྫས་ལ་སྦགས་བཙོག་ཐེབས་པ། ནད་པར་ཁྲག་རྒྱག་པའི་སྐབས་སུ་ཨེ་ཙིའི་ནད་དང་མཆིན་ནད་སོགས་འགོས་པ་ལ་གོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།