ཀྲུང་གོ་བོད་ཀྱི་དྲ་བ།

འབྲས་སྐྲན་ལ་སྔོན་འགོག་བྱེད་ཐབས་ཡོད་དམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཚོའི་སེམས་སུ་ངེས་དགོས་པ་ཞིག་ནི་འབྲས་སྐྲན་སྔོན་འགོག་བྱེད་ཆོག་པ་ཞིག་རེད། ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་རྒྱལ་སྤྱིའི་འབྲས་སྐྲན་ཞིབ་འཇུག་ཁང་གི་ཞིབ་འཇུག་ལས་གཞི་ཞིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། འབྲས་སྐྲན་དང་འབྲེལ་བ་ཡོད་པའི་བྱ་སྤྱོད་དང་ཁོར་ཡུག་གི་ཉེན་ཁར་གཙོ་བོ་དལ་གཤིས་འགོ་ནད་དང་། དུ་བ་འཐེན་པ། ཆང་འཐུང་བ་སོགས་ཡོད་པ་རེད། བརྟག་དཔྱད་ཞིབ་འཇུག་གི་མཇུག་འབྲས་ལས་མངོན་པ་ལྟར་ན། ཧ་ལམ60%ཡི་འབྲས་སྐྲན་ནི་གཡོལ་ཐབས་ཡོད་པ་ཞིག་དང་སྔོན་འགོག་བྱེད་ཐབས་ཡོད་པ་ཞིག་རེད། འོ་ན་རྒྱུན་མཐོང་གི་འབྲས་སྐྲན་སྔོན་འགོག་བྱེད་ཐབས་ལ་དབྱེ་ན་གང་དག་ཡོད་དམ།

བདེ་ཐང་བཟའ་བཏུང་གི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱེད་པ། ཨ་མེ་རི་ཁའི་འབྲས་སྐྲན་མཐུན་ཚོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་ན། ཉིན་རེར་བཟའ་བཏུང་ཁྲོད་ཆེས་ཉུང་ན་ཡང་སྔོ་ཚལ་དང་སིལ་ཏོག་རིགས(ཁེ400)སྟེ་བཙོས་ཚལ་དཀར་ཡོལ་ཕྱེད་ཀ་ཙམ་བསྟེན་དགོས་ལ། ཉིན་གུང་དང་དགོང་ཟས་སུ་སྔོ་ཚལ་དཀར་ཡོལ་གང་རེ་བསྟེན་ན(གལ་ཏེ་ཉིན་རེར་སིལ་ཏོག་རེ་གཉིས་རེ་བསྟེན་ན)ལྷག་ཏུ་བཟང་། ཤ་རིགས་ཉུང་བཟའ་བྱེད་དགོས་པ་སྟེ་དཔེར་ན། ཕག་ཤ་དང་ལུག་ཤ དེ་ལས་གཞན་བྱ་ཤ་དང་ཉ་ཤ སྲན་རིགས་སོགས་ཉུང་ཙམ་བསྟེན་ན་ཆོག

བསྙལ་བཟོས་ཟས་རིགས་མང་པོ་བསྟེན་མི་རུང་བ་སྟེ། དཔེར་ན། ཚྭ་ཚལ། ཚྭ་ཉ། ཤ་རྒྱུ་སོགས་ཚྭ་མང་དུ་འདུས་པའི་ཟས་རིགས་བསྟེན་ཚེ། ཕོ་བའི་འབྲས་སྐྲན་དང་མིད་པའི་འབྲས་སྐྲན་འབྱུང་སླ་བ་རེད། སྟབས་བདེ་ཟ་མའི་ཁྲོད་ཀྱི་སྦྱོར་རྟ་དང་རྫས་འགྱུར་དངོས་པོ་ནི་འབྲས་སྐྲན་སློང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་རེད། བསྲེགས་ཟས་རིགས་བསྟེན་པ་ལས་བཙོས་མ་དང་གདུས་ཁུ་སོགས་ཀྱི་ཟས་རིགས་བསྟེན་ན་བདེ་ཐང་ལ་ཕན།

ཉིན་རེར་འགུལ་སྐྱོད་བྱེད་པ། ཉིན་རེར་ཆེས་ཉུང་མཐའ་ཡང་སྐར་མ30རིང་ལ་འགུལ་སྐྱོད་བྱེད་དགོས། འཆམ་འཆམ་དང་ཞབས་བྲོ། དལ་རྒྱུག་སོགས་ལས་གཞན་ཁྱིམ་གྱི་ལས་ཀ་དེ་ཡང་འགུལ་སྐྱོད་བྱེད་སྟངས་གཙོ་བོ་ཞིག་ཡིན་པས་བདེ་ཐང་ལ་ཕན་པ་ཡོད།

ཆང་ཉུང་དུ་བསྟེན་པ། རྒུན་ཆང་བསྟེན་ན་འབྲས་སྐྲན་གྱི་ཕྲ་ཕུང་བསྐྱེད་པ་འགོག་པའི་ཕན་ནུས་ལྡན་མོད། འོན་ཀྱང་རྒུན་ཆང་འཐུང་བ་དེ་འབྲས་སྐྲན་འགོག་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན་པའི་ངེས་པ་མེད། ཉིན་རེར་རྒུན་ཆང་འཐུང་ཚད་ཆང་ཕོར་གཉིས་ལས་བརྒལ་བ་ན་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད།

ལུས་པོའི་ལྗིད་ཚད་རྒྱུན་ལྡན་དུ་རྒྱུན་འཁྱོངས་བྱེད་པ། མི་ཚང་མར་འབྲས་སྐྲན་ཕོག་སྲིད་ནའང་། ལུས་པོ་རྒྱག་པ་ཅན་གྱི་མི་ལ་འབྲས་སྐྲན་འབྱུང་ཚད་དེ་ལས་མཐོ་བ་རེད། ལུས་པོའི་ལྗིད་ཚད་རྒྱུན་ལྡན་ཅན་དུ་གཏོང་རྒྱུ་ནི་འབྲས་སྐྲན་འགོག་ཐབས་གཙོ་བོའི་གྲས་ཤིག་ཡིན་ལ། ལྷག་པར་དུ་ཐ་མག་བཅད་མ་ཐག་པའི་མི་ཞིག་ལ་མཚོན་ན་མཉམ་འཇོག་གང་ལེགས་བྱེད་དགོས།

ཐ་མག་གཅོད་པ། ཐ་མག་འཐེན་འཕྲོ་འཐེན་མི་རུང་།

འཁྲིག་སྤྱོད་ལ་གཟབ་དགོས་པ། འབྲས་སྐྲན་ལ་ལ་ཞིག་འཁྲིག་སྤྱོད་བརྒྱུད་ནས་འགོ་བཞིན་ཡོད་པས། འཁྲིག་སྤྱོད་བྱེད་སྐབས་མཉམ་འཇོག་གང་ལེགས་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།