ཀྲུང་གོ་བོད་ཀྱི་དྲ་བ།

མཆིན་པ་ཚིལ་འགྱུར་ལ་གནོད་སྐྱོན་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཆིན་པ་སྲ་འགྱུར་དང་མཆིན་པའི་འབྲས་སྐྲན་སློང་བ། མཆིན་པ་ཚིལ་འགྱུར་ནི་མཆིན་ཚིལ་རྙིང་ཚབ་གསར་བརྗེ་བྱེད་མ་ཐུབ་པ་ལས་བྱུང་བ་ཡིན་ལ། དེ་ནི་མཆིན་པ་དང་སྙིང་ལ་གནོད་པ་སྐྱེད་བྱེད་ཀྱི་རྒྱུ་རུ་འགྱུར་བཞིན་ཡོད། དུས་ཡུན་རིང་པོར་མཆིན་པའི་ཕྲ་ཕུང་གི་གཤིས་འགྱུར་བ་ལས་མཆིན་པའི་ཕྲ་ཕུང་སླར་སྐྱེ་བར་གེགས་ཐེབས་པའམ་ཤི་འདྲུལ་བྱུང་བ་དང་། དེ་ལས་མཆིན་པའི་ཚི་སྣ་གྲུབ་ཅིང་རིམ་བཞིན་མཆིན་པ་སྲ་འགྱུར་འབྱུང་གི་ཡོད། དེ་བས་མཆིན་པ་སྲ་འགྱུར་ནས་མཆིན་པའི་འབྲས་སྐྲན་དུ་འགྱུར་བའི་ཚད་ཅུང་མཐོ་བར་མ་ཟད། མཆིན་པ་སྲ་འགྱུར་ནས་རྙིང་ཚབ་གསར་བརྗེའི་ནུས་པ་ཤོར་བའི་ཚད་ལ་ཐོན་ན། མཆིན་པ་བརྒྱལ་འབོག་དང་། མཆིན་པའི་གསུས་ཆུ་བསགས་པ། འཇུ་བྱེད་མ་ལག་ནས་ཁྲག་རྡོལ་བ། མཆིན་པའི་ཟུངས་འཛད་པ། མཆིན་མཁལ་རྟགས་འདུས་སོགས་ཀྱི་ནད་རྟགས་ཤིན་ཏུ་འབྱུང་སླ་བ་རེད།

སྤྱིར་བཏང་དུ། མཆིན་པ་ཚིལ་འགྱུར་ལ་ཟློག་རུང་བའི་རང་བཞིན་ཡོད། སྔ་མོ་ནས་ནད་རྟགས་ངོས་འཛིན་བྱས་ནས་དུས་ལྟར་སྨན་བཅོས་བྱས་ན་སླར་གསོ་འབྱུང་ཐུབ།མཆིན་པ་ཚིལ་འགྱུར་གྱིས་རྒྱལ་དམངས་ཀྱི་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་ནས་མཆིན་དུག་རང་བཞིན་གྱི་མཆིན་པའི་གཉན་ཚད་ཕུད་པའི་མཆིན་ནད་ཆེན་པོ་གཉིས་པར་འགྱུར་གྱིན་ཡོད།

ཁྲག་ཤེད་མཐོ་བ་དང་འཕར་རྩ་སྲ་འགྱུར་འབྱུང་བ། མཆིན་པ་ཚིལ་འགྱུར་ནད་པས་རྙིང་ཚབ་གསར་བརྗེ་བྱེད་མ་ཐུབ་པར་ཁྲག་གི་ནང་དུ་མངར་སྣུམ་ཐེན་གསུམ་མང་བ་དང་། ཁྲག་ཇེ་འབག་ལ་སོང་ནས་འཕར་རྩ་སྲ་འགྱུར་འབྱུང་བ་རེད། འཕར་རྩ་སྲ་འགྱུར་དང་པྲོག་དབྱིབས་འཕར་རྩའི་སྙིང་ནད། ཁྲག་ཤེད་མཐོ་བའི་ནད་གསུམ་ལ་འབྲེལ་བ་དམ་ཟབ་ཡོད་དེ། ཞིབ་འཇུག་བྱས་པ་ལྟར་ན། ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་གྱི་ནད་པ་ལ་ཁྲག་ཤེད་མཐོ་བ་དང་པྲོག་དབྱིབས་འཕར་རྩའི་སྙིང་ནད་མཉམ་སྒྲིལ་ཡོད་ལ། སྙིང་ཤ་ཁེགས་ཤིའི་ནད་བསྐྱེད་སླ་བ་རེད།

གཅིན་སྙི་ཟ་ཁུའི་ནད་སློང་བའམ་ཇེ་སྡུག་ཏུ་འགྲོ་བ། རྙིང་ཚབ་གསར་བརྗེ་དོ་མཉམ་མིན་པ་ལས་གཅིན་སྙི་ཟ་ཁུའི་ནད་པ50%ལ་མཆིན་པ་ཚིལ་འགྱུར་གྱི་ནད་བྱུང་ཡོད།

རྒྱུ་མའི་འབྲས་སྐྲན་འབྱུང་ཉེན་ཆེ་བ། ཚིལ་མང་བའི་ཟས་ཀྱིས་ལོང་གའི་མཁྲིས་ཁུ་སྐྱུར་ཇེ་མང་དུ་འགྲོ་ཞིང་། མཆིན་པ་ཚིལ་འགྱུར་བསྐྱེད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཤ་ཚིལ་བཟའ་མང་བས་ཡིན་ལ། འབྲས་ནད་སྐྱེད་པའི་མཁྲིས་ཁུ་སྐྱུར་རྒྱུ་ལམ་དུ་བསགས་པ་ལས་རྒྱུ་མའི་འབྲས་སྐྲན་བསྐྱེད་པ་རེད།

མིའི་ལུས་ཁམས་ཀྱི་རིམས་འགོག་ནུས་པ་དང་དུག་སེལ་ནུས་པ་ཇེ་ཞན་དུ་གཏོང་བ། མཆིན་པའི་ཕྲ་ཕུང་ཚིལ་སྣ་གཤིས་འགྱུར་དང་ཤི་འདྲུལ་འབྱུང་བའི་དབང་གིས། མཆིན་པ་ཚིལ་འགྱུར་ནད་པའི་རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་རེད། མཆིན་པ་ཚིལ་འགྱུར་ནད་པར་རྒྱུན་དུ་མཆིན་མཚེར་སྐྲངས་པ་དང། ཕྲ་ཕུང་གི་ནད་འགོག་ནུས་པར་ཚོད་འཛིན་ཐེབས་ནས་རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་རེད། མཆིན་པའི་དུག་སེལ་བྱེད་ནུས་ཇེ་ཞན་དུ་སོང་བ་ལས་དུག་རྒྱུ་ལུས་ལ་བསགས་ནས་ལུས་ཁམས་ལ་གནོད་སྐྱོན་བཟོ་བ་རེད།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།