ཀྲུང་གོ་བོད་ཀྱི་དྲ་བ།

གཅིན་སྙི་ཟ་ཁུའི་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིན་སྙི་ཟ་ཁུའི་ནད་ལ་སྣ་གསུམ་ནས་སྔོན་འགོག་བྱེད་དགོས་ཤིང་། གསོ་བ་རིག་པར་རིམ་གསུམ་སྔོན་འགོག་ཞེས་འབོད་བཞིན་ཡོད། གལ་ཏེ“འགོག་སྲུང་འཛིང་རགས”འཛུགས་པ་དང་དུས་སུ་འཁེལ་བ། ལུགས་མཐུན་དང་བརྟན་པོ་ཡིན་ན། གཅིན་སྙི་ཟ་ཁུའི་ནད་མང་ཆེ་བ་སྔོན་འགོག་དང་ཚོད་འཛིན་བྱེད་ཐུབ།

རིམ་པ་དང་པོའི་སྔོན་འགོག དེ་ནི་ཚད་གང་མཐོའི་སྒོ་ནས་གཅིན་སྙི་ཟ་ཁུ་འབྱུང་བ་ཇེ་ཉུང་དུ་གཏོང་བ་དེ་ཡིན། ད་ལྟའང་ཤེས་གསལ་ལྟར། ཟས་རིགས་མང་དུ་བསྟེན་པའམ་ལུས་པོར་ཚོ་འབུད་པ། འགུལ་སྐྱོད་མི་བྱེད་པ་བཅས་ནི་ནད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད། མངར་ཆ་ཉུང་བ་དང་། ཚྭ་ཉུང་བ། ཚིལ་ཉུང་བ། ཚི་སྣ་མཐོ་བ།འཚོ་རྒྱུ་མཐོ་བ་བཅས་ནི་གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་བྱེད་པའི་བཟའ་བཏུང་ལེགས་ཤོས་ཡིན། ལུས་པོའི་ལྗིད་ཚད་ལ་དུས་བཅད་ལྟར་ལྟ་ཞིབ་ཚད་ལེན་བྱས་ནས་ལུས་པོའི་ལྗིད་ཚད་དུས་ཡུན་རིང་པོར་རྒྱུན་ལྡན་གྱི་ཆུ་ཚད་དུ་གནས་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། འཚོ་བའི་གོམས་གཤིས་ངན་པ་ཡོད་ཚད་གཏན་འགོག་བྱེད་དགོས། ཕ་མ་གཉིས་ལས་གཅིག་ལ་གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་ཅིང་རང་ཉིད་ཀྱི་ལུས་པོ་རྒྱགས་ཤིང་ཁྲག་གི་མངར་ཆ་མཐོ་བ། འགུལ་སྐྱོད་ཉུང་བ་བཅས་ཉེན་ཁ་ཆེ་བའི་མི་ཚོགས་སུ་གནས་ཡོད་པ་ཞིག་ཡིན་ན། ལྷག་ཏུ་སྔོན་འགོག་ལ་དོ་སྣང་བྱེད་དགོས།

རིམ་པ་གཉིས་པའི་སྔོན་འགོག དུས་ལྟར་ཁྲག་གི་མངར་ཆའི་འདུས་ཚད་ལ་ཞིབ་བཤེར་བྱས་ཏེ་གཅིན་སྙི་ཟ་ཁུའི་ནད་རྟགས་ཡོད་མེད་སྔ་མོ་ནས་ཤེས་དགོས། གཅིན་སྙི་ཟ་ཁུའི་ནད་རྟགས་ཅུང་ཙམ་ཞིག་ཡོད་པ་སྟེ། དཔེར་ན། ལུས་པགས་རྒྱུན་ལྡན་ཡིན་མིན་དང་། འཁྲིག་སྤྱོད་ཀྱི་ནུས་པ་ཉམས་པ། མིག་ཤུགས་ཞན་པ། གཅིན་གཏོང་རྒྱུ་མང་པོ་ཡོད་པ། མིག་ལ་ལིང་ཏོག་ནད་ཕོག་པ་སོགས་ལ་གཟབ་ནས། དུས་ཐོག་ཏུ་ཁྲག་ནང་གི་མངར་ཆའི་ཚད་ལ་ཞིབ་བཤེར་བྱེད་པ་དང་།སྔ་མོ་ནས་ནད་བརྟག་བྱས་ཏེ་གང་མགྱོགས་སྒོས་སྨན་བཅོས་བྱེད་དགོས། བཟའ་བཏུང་དང་ལུས་རྩལ། སྨན་རྫས་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་སྙོམས་སྒྲིག་བྱས་ཏེ།ཁྲག་གི་མངར་ཆ་དུས་ཡུན་རིང་པོར་རྒྱུན་ལྡན་དང་རྒྱུན་ལྡན་གྱི་ཚད་དུ་ཚོད་འཛིན་བྱེད་དགོས། ལྟོ་སྟོང་གི་ཁྲག་གི་མངར་ཆའི་ཚད་ནི་ཧྲེང་རེར་ཧའོ་མོར6.1/ཧྲེང་མན་ཡིན་དགོས།

ཟ་མ་བསྟེན་རྗེས་དུས་ཚོད་གཉིས་ནང་ཁྲག་གི་མངར་ཆའི་འདུས་ཚད་ཧྲེང་རེར་ཧའོ་མོར9.44/ཧྲེང་མན་ཡིན་དགོས།དལ་གཤིས་ཅན་གྱི་ཁྲག་གི་མངར་ཆའི་དམིགས་ཚད་མཚོན་པའི་མངར་འགྱུར་ཁྲག་དམར་སྤྲི་དཀར་ངེས་པར་དུ7.0%མན་ཡིན་དགོས། ད་དུང་དུས་བཅད་ལྟར་ཁྲག་ཤེད་དང་སྙིང་གི་གློག་རིས་སོགས་ལ་བརྟག་དཔྱད་བྱེད་དགོས།འདི་དག་ཚང་མ་ཁྲག་གི་མངར་ཆ་ཚོད་འཛིན་བྱེད་པའི་དམིགས་ཚད་ཡིན།

རིམ་པ་གསུམ་པའི་སྔོན་འགོག དེའི་དམིགས་ཡུལ་ནི་གཅིན་སྙི་ཟ་ཁུའི་དལ་གཤིས་ཅན་གྱི་བསྡོངས་ནད་འབྱུང་བ་དང་ནད་གཞི་མཆེད་པར་སྔོན་འགོག་དང་ཕྱིར་འགྱངས་བྱས་ཏེ། རྨས་སྐྱོན་དང་ཤི་ཚད་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།