ཀྲུང་གོ་བོད་ཀྱི་དྲ་བ།

ཁྲག་ཚིལ་མཐོ་བའི་ནད་ཀྱི་ངོས་འཛིན་ཐད་ནས་རྒྱུན་མཐོང་གི་ནོར་འཁྲུལ་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནོར་འཁྲུལ་དང་པོ། ཁྲག་ཚིལ་མཐོ་བའི་ནད་རྒྱུན་ལྡན་གྱི་ཁྱབ་ཁོངས་ནང་ཚོད་འཛིན་བྱས་ན་སྐྱོན་མེད་པར་འདོད་པ།

ཁྲག་ཚིལ་མཐོ་བའི་ནད་ཀྱི་ནད་པ་མང་ཆེ་བ་ཞིག་གི་སེམས་སུ་ཁྲག་ཚིལ་གྱི་ཚད་དེ་རྒྱུན་ལྡན་གྱི་ཁྱབ་ཁོངས་ནང་ཚོད་འཛིན་བྱ་ཐུབ་ཚེ། ཁྲག་ཚིལ་མར་འབབ་པའི་སྨན་འཐུང་དགོས་དོན་མེད་པར་འདོད་ཀྱིན་ཡོད། དོན་དམ་པར། ཁྲག་ཚིལ་གྱི་ཚད་རྒྱུན་ལྡན་གྱི་ཁྱབ་ཁོངས་ནང་ཡོད་པ་ཙམ་གྱིས་ལུས་པོར་ཉེན་ཁ་མེད་པའི་ངེས་པ་མེད། ཁྲག་ཚིལ་ཇེ་དམའ་རུ་གཏོང་བའི་དམིགས་ཡུལ་གཙོ་བོ་ནི་ཀླད་སྙིང་ཁྲག་རྩའི་ནད་རིགས་སྔོན་འགོག་བྱེད་པ་དེ་ཡིན། ཞིབ་འཇུག་ལས་མངོན་པ་ལྟར་ན། ཁྲག་དང་མཁྲིས་རྒྱུ་གཤེར་རྩི1%མར་བབས་ན་སྙིང་ནད་ཀྱི་ནད་གཞི་འབྱུང་ཚད2%ཇེ་དམའ་རུ་འགྲོ་བཞིན་ཡོད།

ནོར་འཁྲུལ་གཉིས་པ། མཁྲིས་རྒྱུ་གཤེར་རྩི་ཅི་ཙམ་དམའ་ན་དེ་ཙམ་བཟང་བར་འདོད་པ།

མཁྲིས་རྒྱུ་གཤེར་རྩི་མཐོ་དྲགས་ན་ཀླད་སྙིང་གི་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་དངོས་གནས་ཇེ་ཆེར་འགྲོ་བཞིན་ཡོད་མོད། འོན་ཀྱང་མཁྲིས་རྒྱུ་གཤེར་རྩི་དམའ་དྲགས་ནའང་གནད་དོན་མང་པོ་འབྱུང་གིན་ཡོད། རྒྱུ་མཚན་ནི། མཁྲིས་རྒྱུ་གཤེར་རྩི་ནི་མིའི་ལུས་པོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། ལུས་པོའི་ཕྲ་ཕུང་ཡོད་ཚད་ཀྱི་གྲུབ་ཚུལ་རྣམ་པ་ཞིག་ཀྱང་ཡིན། དེར་མ་ཟད། མཁྲིས་རྒྱུ་གཤེར་རྩི་ནི་ཕྲ་ཕུང་སྐྱིའི་གྲུབ་ཆ་དང་འདྲེས་སྦྱོར་སྐུལ་རྒྱུ་དང་མཁྲིས་རྒྱུ་བཅས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། མཁྲིས་རྒྱུ་གཤེར་རྩི་ཡིས་མ་འདང་ཚེ་མིའི་བློ་སེམས་མི་བདེ་བའི་སྣང་ཚུལ་ཐོན་གྱིན་ཡོད། དེ་མིན། མཁྲིས་རྒྱུ་གཤེར་རྩི་ལ་དབྱེ་ན་ཚིལ་སྣའི་ཟབ་ཚད་དམའ་བའི་སྤྲི་དཀར་མཁྲིས་རྒྱུ་གཤེར་རྩི(LDL–C)དང་ཚིལ་སྣའི་ཟབ་ཚད་མཐོ་བའི་སྤྲི་དཀར་མཁྲིས་རྒྱུ་གཤེར་རྩི(HDL–C)གཉིས་ཡོད།HDL–Cཅི་ཙམ་མཐོ་ན་དེ་ཙམ་བཟང་ཞིང་།LDL–Cཅི་ཙམ་དམའ་ན་དེ་ཙམ་བཟང་བ་རེད།

ནོར་འཁྲུལ་གསུམ་པ། ཁྲག་ཚིལ་མཐོ་བ་དེ་མི་ཤ་སྐམ་ཅན་ལ་འབྲེལ་བ་མེད་པར་འདོད་པ།

མི་མང་པོ་ཞིག་གི་སེམས་སུ་ཁྲག་ཚིལ་མཐོ་བ་དེ་མི་ཤ་སྐམ་ཅན་ལ་འབྲེལ་བ་མེད་པར། ཚོན་པོའི་རིགས་ལ་འབྲེལ་བ་ཡོད་པར་འདོད་ཀྱིན་ཡོད། མཁྲིས་རྒྱུ་གཤེར་རྩི་རྒྱུན་ལྡན་མིན་པ་ནི་རྒྱུ་རྐྱེན་མང་པོ་ལས་བྱུང་བ་ཡིན་ཏེ། དེར་རྒྱུད་འདེད་རང་བཞིན་དང་ཁོར་ཡུག་གི་རྒྱུ་རྐྱེན་སོགས་ཡོད་ལ།ལུས་པོ་ཚོ་བ་ནི་རྒྱུ་རྐྱེན་མང་པོའི་ནང་གི་གཅིག་ཡིན་པ་ལས། ལུས་པོ་རིད་ན་ཁྲག་ཚིལ་མི་མཐོ་བ་དང་ལུས་པོ་རྒྱགས་ན་ཁྲག་ཚིལ་མཐོ་བའི་ངེས་པ་མེད། དོན་དམ་པར། བཟའ་བཏུང་གི་གོམས་སྲོལ་དང་རྒྱུད་འདེད་རང་བཞིན་གཉིས་ནི་ཁྲག་ཚིལ་མཐོ་བའི་ནད་རིགས་ཀྱི་འབྱུང་རྐྱེན་གཙོ་བོ་ཡིན་པས། ཁྲག་ཚིལ་མཐོ་བའི་ཉེན་ཁ་ཅན་གྱི་ནད་པས་འཚོ་བ་རོལ་སྟངས་ལ་དོ་སྣང་བྱས་ཏེ་ཁྲག་ཚིལ་རྒྱུན་ལྡན་དུ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།