ཀྲུང་གོ་བོད་ཀྱི་དྲ་བ།

ཡི་མུག་འགལ་རྐྱེན་ནད་ཀྱི་འབྱུང་རྐྱེན་དང་བཅོས་ཐབས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྡོ་རྗེ་འཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སེམས་ཁམས་ནད་རིགས་ཀྱི་ཤེས་བྱ་མང་པོ་ཁྱབ་བརྡལ་དུ་སོང་བ་དང་བསྟུན་ནས། ཡི་མུག་ནད་དེ་ཚང་མར་ཅུང་ཆ་རྒྱུས་ཡོད་པའི་སེམས་ཁམས་ནད་རིགས་ཤིག་ཏུ་གྱུར་ཡོད་ལ། ཡི་མུག་འགལ་རྐྱེན་གྱིས་ཚེ་གང་པོའི་ནད་ཕོག་ཚད་ཀྱི6.87%ཟིན་པ་དང་། དེའི་ནང་སྐྱེས་པས5.01%དང་སྐྱེས་མས8.46%ཟིན་ཡོད། མི་རྣམས་ཀྱིས་ཡི་མུག་ནད་ལ་ནོར་འཁྲུལ་གྱི་ངོས་འཛིན་བྱས་ཏེ་དོ་སྣང་ལེགས་པོ་མི་བྱེད་དེ། ཡི་མུག་ནད་འབྱུང་མཁན་དག་ནི་གཉོམ་ཆུང་ནུས་མེད་ཀྱི་མི་དང་། ཐ་ན་སེམས་ཤུགས་ཞན་པ་དང་གཉོམ་ཞན་གྱི་མི་དག་ཡིན་པར་འདོད་ཀྱིན་ཡོད།དོན་དངོས་སུ་དེ་འདྲ་ཞིག་གཏན་ནས་མིན།

མི་རྣམས་ཀྱིས་ཡི་མུག་འགལ་རྐྱེན་ཐེབས་པའི་ནད་པས་རང་སྲོག་གཅོད་པ་དང་། ངུ་བ། ནུས་མེད་གཉོམ་ཞན་ཡིན་པ་བཅས་ཀྱི་ནད་རྟགས་ཁོ་ན་ཙམ་མཐོང་བ་ལས། ནད་རིགས་ཀྱི་ངོ་བོ་དངོས་དེ་ཤེས་མེད་ལ། ཁོ་ཚོ་དེ་འདྲ་ཞིག་ཏུ་གྱུར་པའི་རྒྱུ་རྐྱེན་ངོ་མ་དེ་ཡང་ཤེས་ཀྱིན་མེད། དོན་དངོས་སུ་ཡི་མུག་འགལ་རྐྱེན་ནད་འབྱུང་བར་རྒྱུ་རྐྱེན་ཧ་ཅང་མང་པོ་ཡོད།

ཡི་མུག་འགལ་རྐྱེན་ནད་ཀྱི་འབྱུང་རྐྱེན་ལ་གཙོ་བོ་གཤམ་གྱི་ཕྱོགས་བཞི་ཡོད་དེ།

དང་པོ། དུས་ཡུན་རིང་པོའི་འཚོ་བ་དང་བྱ་བ། དེ་མིན་ད་རུང་མི་དང་མིའི་བར་གྱི་འབྲེལ་བ་སོགས་ཁོར་ཡུག་གི་གནོན་ཤུགས་ཀྱི་རྒྱུ་རྐྱེན།

འཚོ་བའི་གོམ་འགྲོས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། ཕོ་མོ་སུ་ཞིག་ཡིན་རུང་འཚོ་བ་དང་བྱ་བ་སོགས་ཀྱི་གནོན་ཤུགས་ཆེན་པོ་ཁུར་ཡོད་ལ། ཆེ་བ་རྒན་པ་ནས་ཆུང་བ་བྱིས་པ་གཉོར་རྒྱུ་ཡོད་པའི་དར་མ་རྣམས་ནི་དེ་བས་ཀྱང་ཁྱིམ་ཚང་ནང་གི་གདུང་འདེགས་ཀྱི་ཀ་བ་ལྟ་བུ་ཡིན་པས། དཀའ་སྡུག་ཅི་འདྲར་འཕྲད་ཀྱང་དགའ་བའི་འཛུམ་མདངས་ལས་སྐྱོ་བའི་སྨྲེ་ངག་འདོན་མི་རུང་། དེ་ལྟར་གནོན་ཤུགས་ཡོད་ཚད་ཕྱི་ལ་མི་བརྗོད་པར་རང་ཉིད་ཀྱི་སེམས་སུ་ཉར་བ་ནི་ཁོ་ཚོའི་གོམས་གཤིས་ཤིག་ཏུ་གྱུར་ཡོད། གྱོང་གུན་ཚབས་ཆེན་དང་མིའི་བར་གྱི་ཛ་དྲག་གི་འབྲེལ་བ། དཔལ་འབྱོར་ཕྱོགས་ཀྱི་དཀའ་ཁག་གམ་འཚོ་བ་རོལ་སྟངས་ཀྱི་འགྱུར་བ་ཆེན་པོར་གདོང་གཏོད་པ་སོགས་ཁོར་ཡུག་གི་གནོན་ཤུགས་ཡོད་ཚད་ནི་ཡི་མུག་འགལ་རྐྱེན་འབྱུང་བའི་རྐྱེན་དུ་འགྱུར་སྲིད།

གཉིས་པ། རྒྱུད་འདེད་ཀྱི་རྒྱུ་རྐྱེན།

རྒྱུད་འདེད་རྒྱུ་རྐྱེན་གྱིས་ཡི་མུག་འགལ་རྐྱེན་གྱི་འབྱུང་རྐྱེན་ཁྲོད་བསྡུར་ཚད་ངེས་ཅན་ཞིག་བཟུང་ཡོད། ནད་པའི་ཁྱིམ་རྒྱུད་ནང་། བརྩེ་དུང་དང་ཚོར་སྣང་སོགས་བསམ་པའི་འགལ་རྐྱེན་ཐེབས་པའི་བསྡུར་ཚད་དེ་མི་གཞན་ལས་མངོན་གསལ་གྱིས་མཐོ་བ་དང་། མི་གཤིས་ཀྱི་འགལ་རྐྱེན་དང་རང་སྲོག་གཅོད་པ་སོགས་ཀྱི་གནས་ཚུལ་ཡོད་ལ། དབང་རྩའི་ནད་ཕོག་པའི་བསྡུར་ཚད་ཀྱང་ཅུང་མཐོ་བ་རེད།

གསུམ་པ། མི་གཤིས་ཀྱི་རྒྱུ་རྐྱེན།

སེམས་ཁྲལ་དང་བཙན་ཤེད། ཧོལ་རྒྱུག་སོགས་ཀྱི་ཁྱད་ཆོས་ཅུང་མངོན་གསལ་དོད་པའི་མི་ལ་ཡི་མུག་འགལ་རྐྱེན་ནད་འབྱུང་སླ། བྱེ་བྲག་གི་མངོན་ཚུལ་ནི། དོགས་སྣང་ཆེ་བ་དང་གཟབ་ནན་བྱེད་དྲགས་པ། ཧོལ་རྒྱུག་དང་ཨུ་ཚུགས་བྱེད་པ། སྐྱོ་སྣང་སྐྱེ་བ། སེམས་ཁྲལ་བྱེད་པ། ཞིབ་ཆ་དང་སྒྲིག་སྲོལ། ལྷུ་ཚིགས། སྒྲིག་ལམ་བཅས་ལ་དོ་སྣང་བྱེད་དྲགས་པ། ལེགས་འཛོམས་ཡོང་གང་ཐུབ་བྱེད་པ། ཀུན་སྤྱོད་ཀྱི་འདུ་ཤེས་ཆེ་དྲགས་པ། མཇུག་འབྲས་ལ་མཐོང་ཆེན་བྱེད་དྲགས་པ་སོགས་ལྟ་བུ།

བཞི། ལུས་པོའི་ནད་རིགས་ཀྱི་རྒྱུ་རྐྱེན།

དལ་གཤིས་དཀྱིལ་གཞུང་དབང་རྩའི་མ་ལག་གི་ནད་རིགས་སམ་ཡང་ན་དལ་གཤིས་ནད་རིགས་གཞན་དག་ནི་ཡི་མུག་འགལ་རྐྱེན་ནད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད་དེ། རྒྱུན་མཐོང་གི་རིགས་ལ་སྐྲན་ནད་དང་ཨོལ་རྨེན་བྱེད་ལས་བྲི་རྒུད། སྙིང་གཟེར། ཕ་ཁིན་སོན་ནད། བརྒྱལ་གཟེར་སོགས་ཡོད།

ཡི་མུག་འགལ་རྐྱེན་ནད་བྱུང་བའི་ནད་པར་ཐུགས་ཁུར་དང་གཅེས་སྐྱོང་བཟང་པོ་བྱེད་དགོས།

ཡི་མུག་འགལ་རྐྱེན་ནད་ཀྱི་རྒྱུན་མཐོང་གི་སྣང་ཚུལ་ནི་སེམས་ཁམས་མི་སྐྱིད་པ་དང་། སྐྱོ་སྣང་སྐྱེ་བ། ཡིད་ཆད་པ། སྨྲ་བ་ཉུང་བ། འགུལ་སྐྱོད་ཉུང་བ། སྤྲོ་སྣང་མེད་པ། རེ་ཐག་ཆད་པ། བརྟེན་ས་དང་སྒྲུབ་ནུས་མེད་པ་བཅས་རེད། ཡི་མུག་འགལ་རྐྱེན་ནད་བྱུང་རྗེས། སེམས་ཁམས་མི་སྐྱིད་པའི་གནས་ཚུལ་འོག ནད་པའི་བསམ་གཞིག་གི་ནུས་པ་ཇེ་ཞན་དང་རང་རློམ་ཡིད་ཆེས་ཀྱི་བསམ་པ་ཇེ་ཆུང་དུ་གྱུར་ནས། རང་ཉིད་འཕྲད་པའི་དཀའ་ངལ་དེ་ཆེན་པོ་ཞིག་ཏུ་མཐོང་བ་དང་། ཐབས་ཇུས་ཀྱི་ནུས་པ་ཇེ་དམའ་རུ་སོང་སྟེ། བརྟེན་ས་མེད་པའི་ཚོར་སྣང་འབྱུང་ཞིང་ཐ་ན་ཡིད་ཆད་དེ་རྒྱུན་དུ་རང་དབང་མེད་པར་མིག་ཆུ་བཞུར་སྲིད། དེ་བས་རང་ཉིད་ཀྱི་ཁྱིམ་མིའམ་ཡང་ན་གྲོགས་པོར་གོང་གསལ་གྱི་གནས་ཚུལ་དེ་དག་བྱུང་ཚེ། སྔ་མོ་ནས་ཁོ་ཚོ་ཆེད་ལས་སྨན་ཁང་དུ་ཁྲིད་དེ་ཆེད་ལས་ཀྱི་སྨན་བཅོས་བྱེད་དགོས་ལ། ནད་གཞི་འགོར་འགྱངས་མི་ཡོང་བ་བྱེད་དགོས།

ཁྱིམ་ཚང་དང་ལས་ཁུངས་གང་ཡིན་རུང་། ལུས་སེམས་བདེ་ཐང་ལ་སེམས་ཁུར་བྱེད་པའི་ཐུན་མོང་གི་རྣམ་པ་ཞིག་ཆགས་པར་བྱས་ནས། ཁོངས་མིའི་སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱེད་དགོས་ལ། ཁོ་ཚོར་སྐྱོ་བའི་མིག་ཆུ་འབྱིན་ས་དང་། རང་ཉིད་ཀྱི་གནོན་ཤུགས་སེལ་བ་དང་སེམས་པ་གཡེང་སའི་ཁོར་ཡུག་ཅིག་སྦྱིན་དགོས།

དེ་ལས་གཞན་ད་རུང་ཡི་མུག་འགལ་རྐྱེན་ཐེབས་པའི་ནད་པའི་བྱེ་བྲག་གི་གནས་ཚུལ་དང་། ཁོ་ཚོ་བརྒྱུད་མྱོང་བའི་དོན་དག་ལ་རྒྱུས་ལོན་མ་བྱས་པར་གང་འདོད་དུ་ལབ་གླེང་བྱེད་མི་རུང་།

ང་ཚོ་རང་ཉིད་ཀྱི་ཉེ་འཁོར་དུ་རོགས་སྐྱོར་བྱེད་དགོས་པའི་ཡི་མུག་འགལ་རྐྱེན་ཐེབས་པའི་ནད་པར་འཕྲད་སྐབས། ཁོ་ཚོར་རྒྱུས་ལོན་དང་གཅེས་སྐྱོང་མང་ཙམ་བྱས་ཏེ། རོགས་རམ་མཁོ་བའི་དུས་སུ་དུས་ཐོག་ཏུ་རོགས་རམ་བྱེད་དགོས། རྒྱུ་མཚན་ནི་ཁྱོད་ཀྱི་བརྩེ་བའི་མིག་མདངས་ཤིག་དང་། ཡིད་སེམས་གསོ་བའི་སྐད་ཆ་ཚིག་གཅིག ཕན་ཚུན་ལ་འཐམ་འཁྱུད་ཅིག་གིས་ཀྱང་རིན་ཐང་བྲལ་བའི་ཚེ་སྲོག་ཅིག་སྐྱོབ་ཐུབ་ངེས། དེ་དང་ཆབས་ཅིག་ཏུ་ང་ཚོས་ཉེ་འཁོར་གྱི་ལས་རོགས་དང་གཉེན་ཉེ་ཚང་མར་ཡང་དོ་ཁུར་དེ་བས་མང་པོ་བྱེད་དགོས་པར་མ་ཟད། ཁོ་ཚོ་གནད་འགག་གམ་ཡང་ན་དཀའ་ཁག་ལ་འཕྲད་སྐབས་ཧུར་ཐག་གིས་རོགས་སྐྱོར་བྱེད་པའམ་ཡང་ན་དགེ་མཚན་ལྡན་པའི་གྲོས་མགོ་མང་ཙམ་འདོན་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།