ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལུགས་གསོ་རིག་ལས་ཀླད་སྙིང་ནད་རིགས་སྐོར་གྱི་ཤེས་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ལུགས་གསོ་རིག་གི་བསྟན་བཅོས་ཆེན་པོ་གསོ་རིག་རྒྱུད་བཞི་རུ་ཀླད་ནད་དང་སྙིང་ནད་རིགས་ཀྱི་གཞུང་ལུགས་དང་གསོ་བཅོས་ཐབས་ལམ་སོགས་གསལ་བོར་བསྟན་ཡོད་པ་དང་། འབྲེལ་བའི་རྩ་ལ་དཀར་ནག་གཉིས་ཡོད་པར་གསུངས་ཤིང་། སྲོག་པ་རྩ་ཡི་སྡོང་པོ་དང་ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་གཉིས་ཞེས་མི་ལུས་ཡོངས་ལ་རྩ་དཀར་ནག་གཉིས་ཀྱིས་ཁྱབ་ཡོད་པ་དང་། དེ་ལས་རྩ་དཀར་ནི་དེང་རབས་གསོ་རིག་ལྟར་ན་དབང་རྩའི་མ་ལག་དང་རྩ་ནག་ནི་ཁྲག་རྩའི་མ་ལག་ཡིན།

ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས་ཞེས་པས་ཀླད་པ་ཉིད་རྩ་ཡི་རྒྱ་མཚོ་ཆེན་པོ་རུ་དཔེ་བཞག་པ་དང་། དོན་གྱི་རྒྱལ་པོ་སྙིང་ཞེས་སྙིང་ཉིད་རྩ་ནག་གི་རྩ་བ་རུ་དཔེ་བླངས་པ་སྟེ། རྩ་དཀར་ནི་དོན་ལྔ་སྣོད་དྲུག་དང་རྐང་ལག་བཞི་ལ་འབྲེལ་ཞིང་འགུལ་སྐྱོད་དང་ཚོར་ཤེས་ཀྱི་ནུས་པ་ཡོད་པར་བསྟན་པ་དང་། རྩ་ནག་ལ་དམར་པོ་སྙིང་དང་འབྲེལ་ཞིང་འཕར་བས་འཕར་རྩ་དང་། ནག་པོ་མཆིན་པ་དང་འབྲེལ་ཞིང་མི་འཕར་བས་སྡོད་རྩ་སྟེ་དེ་གཉིས་ལས་གྲུབ་ཅིང་། རྩ་ནག་ནི་ཁྲག་རྩ་ཡི་ཁོངས་གཏོགས་སྙིང་ལས་ཐོན་ཞིང་གསོམ་ཤིང་གི་སྡོང་ལོ་ལྟར་ཆགས་པ། རྩ་དཀར་ནི་རླུང་གི་ཁོངས་གཏོགས་ཀླད་པ་ལས་བྱུང་ཞིང་ཐུར་དུ་རྒྱུ་བ་ཡིན། རྩ་གཉིས་ལུས་ནས་མཉམ་གཤིབ་ཀྱིས་རྒྱུ་ཞིང་ཤ་གསེང་གཏིང་དུ་རྒྱུ་བ་ནང་རྩ་སྟེ་དོན་སྣོད་དང་འབྲེལ་ཞིང་། ཡན་ལག་གི་ཕྱི་ངོས་ནས་རྒྱུ་བ་ཕྱི་རྩ་སྟེ་ཤ་གྲུམ་དང་ཆུ་རྒྱུས། རུས་པ་དང་རུས་ཚིགས་སོགས་འབྲེལ་བས་རྩ་དྲ་ཆགས་པ་ཡིན།

རྩ་དཀར་ནག་གི་ཆགས་གནས་འཇིག་གསུམ་ལ་ཟུངས་བདུན་དང་དྲི་མ་གསུམ་གྱི་རྒྱུ་བ་དང་། ད་དུང་རླུང་མཁྲིས་བད་ཀན་གསུམ་གྱི་འདུ་བ་སྙོམས་པ་ལ་རག་ལས་ཤིང་། ལག་ལེན་གྱི་བདེན་དཔང་ལྟར་ན་བོད་ལུགས་གསོ་རིག་ལོ་ངོ་ཉིས་སྟོང་སྔོན་གྱི་གྲུབ་པ་ལུས་ཀྱི་གནས་ལུགས་དེ་དེང་རབས་གསོ་རིག་གི་བཤད་ཚུལ་དང་མཐུན་པ་སྟེ། དཔེར་ན་བོད་ལུགས་གསོ་རིག་གི་རྩ་དཀར་རྩ་ནག་གི་རོ་བཀྲ་དང་གྲུབ་པ་ལུས་ཀྱི་ནང་དོན་ལྟ་བུ།

ཀླད་སྙིང་ཁྲག་རྩའི་ནད་རིགས་འདི་བོད་ལུགས་གསོ་རིག་གི་རྩ་ནད་ཀྱི་ཁོངས་གཏོགས་ཡིན་པ་དང་། སྙིང་དང་ཀླད་པར་འབྲེལ་བའི་ནད་རིགས་གང་ཡིན་ཡང་རྩ་དཀར་ནག་དང་འབྲེལ་བས་བོད་ལུགས་གསོ་རིག་གི་གཞུང་ནས་ཀླད་སྙིང་ཁྲག་རྩའི་ནད་རིགས་ལ་རྩ་དཀར་ནག་གི་ནད་ཡང་ཟེར། སྙིང་ནི་མིའི་ལུས་སྟེང་གི་རྒྱལ་བོ་དང་དོན་ལྔའི་གཙོ་བོ་ཡིན་པ་དང་། སྙིང་ནད་རིགས་ནི་གཙོ་བོ་ཟས་སྤྱོད་མི་འཕྲོད་པ་དང་དྲགས་པ་སོགས་ལས་རླུང་མཁྲིས་བད་ཀན་དང་ཆུ་སེར་རྒྱས་པ། ལྷག་ཏུ་སེམས་འཁྲུགས་ཡིད་མི་བདེ་བ་དང་། དངངས་སྐྲག་ཆེ་བ། མྱ་ངན་ཆེ་བ། ཞེ་སྡང་དྲག་པོ་སྐྱེས་པ། ལྟོ་ཆག་གཉིད་ཆག་སོགས་ལས་སློང་གིན་ཡོད།

ཀླད་ནད་ཀྱི་སྐོར་ནས་བརྡབས་འགྲམས་ལས་བྱུང་བའི་ན་གཟེར་ལས་བོད་སྨན་གྱིས་གྲིབ་རིགས་སྐོར་ལ་ཁྱད་ཐོན་གྱི་ངོས་ཟིན་ཡོད་དེ། ཀླད་པའི་ནད་ཀྱི་རྒྱུ་རྐྱེན་ཡང་རང་རྐྱ་བ་ཞིག་མ་ཡིན་པར་དེ་སྙིང་དང་ཁྲག་རྩ་སོགས་ལ་འབྲེལ་བ་དམ་ཟབ་ཡོད་དེ། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ།། གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད།། གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད།། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ།། ཞེས་ལྷག་པར་འབྱུང་བ་ལྔ་དང་ཉེས་པ་གསུམ་གྱི་འབྲེལ་བ་ལས་དབྱེ་ཞིབ་གསལ་བོར་བྱེད་ཐུབ། བོད་སྨན་ལས་གྲིབ་སྐྱོན་ནི་ཀླད་པའི་ནད་ཡིན་པ་དང་། ཀླད་པའི་དབང་རྩ་ལ་སྐྱོན་ཤོར་བ་ལས་བྱུང་བའི་འདུ་ཤེས་རང་བཞིན་གྱི་ནད་ཡིན།

ནད་ཕོག་པའི་རྒྱུ་རྐྱེན་ལ་ཚ་སྐྱུར་གྱི་ཟས་རིགས་བསྟེན་དྲགས་ཆེ་བ། དཔེར་ན། ཤ་དང་སྣུམ། སྣུམ་བག་སོགས་དང་། སྤྱོད་ལམ་ཐད་ཆུ་ཤེལ་དང་ཉི་འོད་སོགས་འོད་ཆེན་འཕྲོས་པ་ལས་གློ་བུར་དུ་ཡར་ལངས་པའམ་ཤུགས་ཆེན་པོ་བསྐྱེད་པ་སོགས་ལས་ལུས་པོའི་ཁྲག་རླུང་གི་འདུ་བ་མ་སྙོམས་པར་ནད་ལྡང་བ་ཡིན།

བོད་སྨན་ལས་ཉེས་པ་གསུམ་དང་ཟུངས་བདུན། དྲི་མ་གསུམ། འབྱུང་བ་ལྔ། བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ་དང་ཤ་ཁྲག་འཕེལ་བྱེད་རྩ་ཆེན་ཉི་ཤུ་བཞི་སོགས་ཀྱི་གཞུང་ལུགས་ཀྱི་མཛུབ་སྟོན་ལས་རླུང་མཁྲིས་བད་ཀན་གསུམ་གྱི་འབྲེལ་བ་རྩལ་དུ་བཏོན་ནས་ཁྲག་རྩ་གས་བརྡོལ་ལས་བྱུང་བར་ཁྲག་གྲིབ་དང་། ཁྲག་རྩ་འཁར་འགགས་ལས་བྱུང་བར་རླུང་གྲིབ་ཞེས་བརྗོད་པ་ཡིན། ཀླད་སྙིང་ཁྲག་རྩའི་ནད་ཀྱི་གསོ་བཅོས་ཁྲོད་ཁྲག་རླུང་གི་འདུ་བ་སྙོམས་པ་དང་མི་དྲོད་བསྐྱེད་ནས་ཟུངས་རྣམས་རང་རང་གི་རྒྱུ་ལམ་དུ་འཇུག་པ་བྱས་ནས་རྩ་དཀར་ནག་གི་ནད་གཞི་གསོ་བཅོས་ལས་ཀླད་པའི་ཁྲག་རྒྱུ་ཇེ་ལེགས་སུ་བཏང་ནས་རྩ་དཀར་གྱི་ནུས་པ་གསོ་བའི་སྒོ་ནས་གསོ་བཅོས་བྱེད་རྒྱུའོ།།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།