ཀྲུང་གོ་བོད་ཀྱི་དྲ་བ།

རྒན་པ་རྣམས་ཀྱིས་ལུས་ཁམས་གསོ་བའི་ཐད་ཀྱི་རྒྱུན་ཤེས་འདི་དག་ཡིད་ལ་འཛིན་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག རྒན་པ་རྣམས་སྔ་མོ་མལ་ལས་ལངས་མ་ཐག་མྱུར་དུ་ཆུ་ཁོལ་དྲོད་འཇམ་ཕོར་བ་གང་འཐུང་དགོས་ལ། དེ་ནི་ཆེས་སླ་བའི་ལུས་ཁམས་གསོ་ཐབས་ཀྱི་རྒྱུན་ཤེས་ཤིག་ཡིན། རྒྱུ་མཚན་ནི་རྒན་པ་རྣམས་ཞག་གང་བོར་གཉིད་ལོག་པའི་རྐྱེན་གྱིས་ལུས་སྟེང་གི་ཆུ་ཧ་ལམ་ཧའོ་ཧྲེང500ཟད་གྲོན་བྱས་ཡོད་དེ། སྔ་མོར་གཉིད་ལས་སད་རྗེས་ཆུ་ཁོལ་དྲོད་འཇམ་ཕོར་བ་གང་འཐུང་ན་དུས་ལྟར་ལུས་སྟེང་དུ་ཆུ་ཁ་གསབ་བྱེད་ཐུབ་པར་མ་ཟད་ལུས་པོའི་དྲོད་ཚད་ཀྱང་མཐོ་རུ་གཏོང་ཐུབ། མིའི་ལུས་དྲོད་ཏུའུ་གཅིག་ཡར་འཕར་ན་ལུས་པོའི་རྙིང་ཚབ་གསར་བརྗེ10%ཡར་འཕར་བ་ཡིན་པས། རྒན་པ་རྣམས་མལ་ལས་ལངས་རྗེས་ཆུ་ཁོལ་དྲོད་འཇམ་ཕོར་བ་གང་འཐུང་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་རེད།

གཉིས། རྒན་པ་རྣམས་ཀྱིས་གཟའ་འཁོར་རེར་ཆེས་ཉུང་ནའང་སྔོ་ཚོད་ཀྱི་ཁུ་བ་ཐེངས་གསུམ་ལ་འཐུང་དགོས་ཏེ། གཟའ་འཁོར་རེར་ཚོད་ཁུའམ་ཡང་ན་སིལ་ཁུ་ཐེངས་གསུམ་ལ་འཐུང་ན་རྒན་པའི་ཧོན་ལོག་ནད་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ། དེ་མིན་རྒན་པ་རྣམས་ཀྱིས་ད་རུང་ཉིན་རེར་སྐར་མ་བཅོ་ལྔའི་རིང་ཉི་མར་ལྡེ་བ་རྒྱུན་འཁྱོངས་བྱེད་དགོས་ཏེ། ཚད་དང་རན་པའི་ཉི་འོད་ཀྱིས་ལུས་སྟེང་དུ་འཚོ་བཅུདDགང་མང་ཞིག་བསྐྱེད་ནུས་ཤིང་། འཚོ་བཅུདDལ་སྐྲན་འགོག་ནུས་པ་ཆེན་པོ་ལྡན།

གསུམ། རྔུལ་ཆུ་འོས་འཚམ་འབྱུང་དུ་བཅུག་ན་ལུས་པོའི་བདེ་ཐང་ལ་ཕན། རྒན་པ་རྣམས་འགུལ་སྐྱོད་བྱེད་པའི་སྐབས་སུ་རབ་ཡིན་ན་རྔུལ་ཆུ་འབྱུང་དུ་འཇུག་དགོས། རྒྱུ་མཚན་ནི་རྔུལ་ཆུ་ཕྱིར་བཏོན་ན་ལུས་སྟེང་གི་དུག་རྒྱུ་མང་པོ་ཞིག་ཕྱིར་འདོན་ཐུབ་པས། རྒན་པ་རྣམས་ཉིན་རེར་ཆུ་ཚོད་ཕྱེད་ཀའི་རིང་འཆམ་འཆམ་དུ་འགྲོ་དགོས།བརྟག་དཔྱད་བྱས་པ་ལྟར་ན། ཉིན་རྒྱུན་རྐང་ཐང་དུ་འགྲོ་ཚད་ཆེས་ཉུང་བའི་མིའི་ཤི་ཚད་བལྟོས་བཅས་ཀྱིས་མཐོ་བས། རྒན་པ་རྣམས་ཉིན་རེར་ཆེས་ཉུང་ནའང་ཆུ་ཚོད་ཕྱེད་ཀའི་རིང་རྐང་ཐང་དུ་འགྲོ་དགོས། དེ་ལྟར་བྱས་ན་རྒན་པ་རྣམས་ཚེ་རིང་ནད་མེད་ཡོང་བར་ཕན་པ་ཡོད།

བཞི། རྒན་པ་རྣམས་ཀྱིས་དགོང་མོའི་ཆུ་ཚོད་དགུ་ཡི་རྗེས་སུ་ཟས་རིགས་གང་ཡང་མ་ཟོས་ན་ལེགས། དེའི་རྒྱུ་མཚན་ནི་ང་ཚོའི་ལུས་སྟེང་གི་ཞག་ཚིལ་མང་ཆེ་ཤོས་ནི་ནམ་གུང་གི་ཆུ་ཚོད་གཉིས་པར་གསོག་འཇོག་བྱེད་ཀྱིན་ཡོད་པས་རེད། གལ་ཏེ་དགོང་ཟས་བཟའ་འཕྱི་ན།ཡོངས་སུ་འཇུ་མ་ཐུབ་པའི་ཟ་མ་དག་ཕོ་བའི་ནང་དུ་གསོག་ངེས་པས། རྒན་པ་རྣམས་ལ་ཚོ་འབུད་སླ་ཞིང་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཡོད། རྒན་པ་རྣམས་ཀྱིས་ལུས་ཁམས་གསོ་བའི་ཤེས་བྱ་འདི་དག་ལ་རྒྱུས་ལོན་བྱས་ཏེ། འཚོ་བ་དང་བཟའ་བཏུང་གི་གོམས་གཤིས་ལེགས་པོ་སྐྱེད་སྲིང་བྱས་ན། ད་གཟོད་བློ་བདེ་བག་ཕེབས་དང་སྤྲོ་སྣང་ལྡན་པའི་སྒོ་ནས་ཚེ་མཇུག་སྐྱེལ་ཐུབ།

རྒན་པ་ཚོའི་ལུས་ཁམས་གསོ་བའི་ཐད་ཀྱི་འཛེམ་བྱ་གསུམ།

གཅིག ཙོག་ཡུན་རིང་བ། ཙོག་པ་ནི་ངལ་གསོ་སྟངས་ལེགས་པོ་ཞིག་ཡིན་མོད། འོན་ཀྱང་ཙོག་ཡུན་རིང་ན་ལུས་པོའི་ཤ་གནད་འཁུམ་སླ་བས། རང་ཉིད་ལ་འཚམ་པའི་ཕྱི་རོལ་གྱི་བྱ་འགུལ་ནང་ཞུགས་ཏེ།ཤ་གནད་སྦྱོང་བརྡར་དང་གཟུགས་གཞི་ཇེ་ལེགས་སུ་གཏང་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད།

གཉིས། ལངས་ཡུན་རིང་བ། རྒན་པ་རྣམས་ཀྱི་ཁྲག་རླུང་ནི་འགུལ་སྐྱོད་དང་འགུལ་མེད་ཟུང་འབྲེལ་ལས་བྱུང་བ་རེད། གལ་ཏེ་ཡུན་རིང་དུ་ལངས་ནས་འགུལ་སྐྱོད་མ་བྱས་ན་ཁྲག་རླུང་འབྱུང་མི་ཐུབ་པས། རྒན་པའི་ལུས་ཕུང་དང་ཕུང་གྲུབ་ཁ་ཤས་ཀྱི་ཕྲ་ཕུང་འཚོ་བཅུད་མི་ལེགས་པར་གྱུར་ཏེ། ཁྲག་རྒྱུན་ཁེགས་པ་དང་ནད་རིགས་སྣ་ཚོགས་འབྱུང་སྲིད།

གསུམ། དུས་ཡུན་རིང་པོར་ཁ་པར་དང་བརྙན་འཕྲིན་ལ་ལྟ་བ། གལ་ཏེ་ཡུན་རིང་པོར་དངོས་གཟུགས་དེའི་རིགས་ལ་བལྟས་ན་མགོ་ཡོམ་འཁོར་བ་དང་ཁྲག་རྩ་འགག་པ་སོགས་འབྱུང་བས།རབ་ཡིན་ན་རྒན་པ་རྣམས་ཀྱིས་ཚགས་པར་དང་བརྙན་འཕྲིན་ལ་བལྟ་བའི་ཡུན་ནི་ཆུ་ཚོད་གཉིས་ལས་མ་བརྒལ་ན་བཟང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།