ཀྲུང་གོ་བོད་ཀྱི་དྲ་བ།

བུད་མེད་རྣམས་གྲང་ངར་ལ་སྐྲག་དོན་ཅི་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཚོས་བརྙན་འཕྲིན་ལ་ལྟ་སྐབས། རྒྱུན་དུ་བུད་མེད་གང་ཞིག་གྲང་རླུང་ཁྲོད་འདར་སིག་སིག་བྱེད་པའི་སྐབས་སུ། འགྲམ་གྱི་སྐྱེས་པ་དེས་ཐོག་ལྭ་ཕུད་དེ་བུད་མེད་དེའི་ལུས་སྟེང་དུ་འགེབས་པའི་སྣང་ཚུལ་མཐོང་ཐུབ། སྤྱིར་བཤད་ན་བུད་མེད་ཀྱི་ལུས་ཚིལ་སྐྱེས་པ་ལས་མཐོ་བས།བུད་མེད་རྣམས་གྲང་ངར་ལ་དེ་འདྲའི་སྐྲག་དགོས་དོན་མེད་པ་འདྲ་མོད། འོན་ཀྱང་བུད་མེད་རྣམས་ཀྱི་རྐང་ལག་ནམ་ཡང་འཁྱགས་རོམ་དུ་ལྷུང་བ་བཞིན། སེམས་སྟེང་ནས་འཁྱག་སིབ་སིབ་བྱེད་པའི་ཚོར་སྣང་འབྱུང་བ་རེད། ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།བུད་མེད་རྣམས་ཀྱི་རྐང་ལག་དང་རྣ་བའི་དྲོད་ཚད་དེ་སྐྱེས་པ་ལས་ཏུའུ1.5ཡིས་དམའ་བས། བུད་མེད་རྣམས་ནི་དངོས་གནས“ཁྲག་གྲང་སྲོག་ཆགས”ཀྱི་ཁོངས་སུ་གཏོགས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བུད་མེད་ཀྱི་ལུས་ཕྱིའི་དྲོད་ཚད་དེ་དོན་དུ་སྐྱེས་པ་ལས་མཐོ་བ་རེད། ལུས་པོས་ལུས་ཕྱིའི་དྲོད་ཚད་མཐོན་པོ་དེ་སྲུང་འཛིན་བྱེད་དགོས་པའི་རྐྱེན་གྱིས་ཕྱི་རོལ་ཡུལ་གྱི་གྲང་ངར་ལ་ཚོར་བ་རྐྱེན་པོ་འབྱུང་ཞིང་། ཤ་གནད་ཕུང་གྲུབ་ཀྱིས་ད་གཟོད་དྲོད་བསྐྱེད་པ་རེད། བུད་མེད་མང་ཤོས་ཤིག་གི་ཤ་གནད་ཀྱི་བསྡུར་ཚད་སྐྱེས་པ་ལས་དམའ་བས། ཕྱི་རོལ་ཡུལ་གྱི་བྱེད་ཐབས་ལ་བརྟེན་ནས་དྲོད་ཁོལ་བཙལ་དགོས། ཡང་གཅིག་བཤད་ན། དྲོད་ཚད་དེ་ལུས་པོའི་ཕྱི་ངོས་ནས་མི་ཡལ་བའི་ཆེད་དུ།རྐང་ལག་གི་ཁྲག་རྩ་ཕྲ་མོ་དག་སྐུམ་པ་དང་།ཁྲག་རྩ་ཕྲ་མོ་སྐུམ་པའི་གནས་དེའི་ཁྲག་གི་བཞུར་རྒྱུན་ཇེ་ཉུང་དུ་འགྲོ་བ་དང་། དྲོད་ཚད་ཡོངས་རྫོགས་ཁོག་པའི་ནང་དུ་བསྡུས་ཏེ། དོན་སྣོད་གལ་ཆེན་རྣམས་དམིགས་སུ་བཟུང་ནས་འདོན་སྤྲོད་བྱས་པ་རེད། བུད་མེད་རྣམས་ཀྱིས་ཁོག་པའི་ནང་གི་དྲོད་ཚད་སྲུང་འཛིན་བྱེད་ཆེད།རྐང་ལག་བློས་བཏང་བ་ཡིན་ནོ། ། སྐུལ་རྩིའི་ཁྱད་པར་ཡང་བུད་མེད་རྣམས་གྲང་ངར་ལ་སྐྲག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཏེ།སྐྱེས་པའི་ལུས་སྟེང་གི་ཕོའི་སྐུལ་རྩི་སྟེ།དཔེར་ན་རླིག་འབྲས་ཐུང(睾酮)གིས་ཤ་གནད་སྐྱེས་པར་སྐུལ་འདེད་གཏོང་བ་དང་། ཁོ་ཚོའི་རྨང་གཞིའི་གསར་བརྗེ་ཚད་ཇེ་མཐོར་གཏོང་བ་རེད།ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།སྐྱེས་པའི་རྨང་གཞིའི་གསར་བརྗེ་ཡི་ཚད་དེ་བུད་མེད་ལས23%གྱིས་མཐོ་བས།དེས་སྐྱེས་པའི་དྲོད་འབྱུང་ཚད་བུད་མེད་ལས་མཐོ་བ་མཚོན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།