ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ལུགས་གསོ་བ་རིག་པའི་གཞུང་ལས་ལུས་པོར་ཤེད་ཤུགས་མེད་པ་གསོ་བཅོས་བྱེད་ཐབས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེང་གི་མི་མང་ཆེ་བ་ཞིག་བྱ་བར་བྲེལ་འཚུབ་ཆེ་ཞིང་འཚོ་བར་གནོན་ཤུགས་ཆེ་བ། བཟའ་འཐུང་ལ་ཆོས་ཉིད་མེད་སྟབས་རྒྱུན་དུ་ལུས་པོར་སྟོབས་ཤུགས་མེད་པའི་སྣང་ཚུལ་འབྱུང་གིན་ཡོད། རྒྱུན་ལྡན་གྱི་གནས་ཚུལ་འོག་མིའི་ལུས་པོ་ཐང་ཆད་པའི་སྐབས་སུ་དུས་ཡུན་ཐུང་ངུའི་ནང་ངལ་གསོས་རྗེས་ལུས་པོ་སོར་ཆུད་ཐུབ་མོད། འོན་ཀྱང་གལ་ཏེ་ཡུན་རིང་དུ་ལུས་པོར་ཤེད་ཤུགས་མེད་པ་དང་ངལ་གསོས་ནའང་སོས་མི་ཐུབ་པའི་སྐབས་སུ་ལུས་པོར་གནད་དོན་བྱུང་ཡོད་པའི་རྟགས་ཡིན་པས་མཐོང་ཆེན་བྱེད་དགོས། ཀྲུང་ལུགས་གསོ་བ་རིག་པའི་ངོས་ཐད་ནས་བཤད་ན། རྒྱུན་པར་ལུས་པོར་ཤེད་ཤུགས་མེད་ན་གཤམ་གྱི་ནད་རིགས་འདི་དག་བྱུང་ཡོད་མེད་ལ་བསམ་བློ་གཏོང་དགོས་ཏེ།མཚེར་བའི་ནུས་པ་ཉམས་པ་དང་། བརླན་ཆེ་བ། མཆིན་པ་སྨུག་པོ། ཟུངས་ཁྲག་ཉམས་པ་བཅས་ཡིན།

མཚེར་བ་ནི་མིའི་ལུས་སྟེང་གི་དབང་པོ་གལ་ཆེན་ཞིག་ཡིན་ལ། དེ་ནི་རྐང་མར་དམར་པོ་དང་རྐང་མར་དཀར་པོ་ཡིས་གྲུབ་པ་ཡིན་ལ། ཁྲག་བཟོ་བ་དང་ཁྲག་བཙག་པའི་ཕན་ནུས་ལྡན། རྨེན་བུའི་ཕྲ་ཕུང་གནས་སྤོ་བ་དང་འགོག་རྫས་ཀྱིས་ཟུག་གཟེར་བསྐྱེད་པ་དང་ལེན་བྱས་རྗེས་འགོ་ནད་ལས་ཐར་བའི་ཚོར་བ་སོགས་འབྱུང་བ་ཡིན། མཚེར་བའི་འཕར་རྩས་ཁྲག་མཁོ་འདོན་བྱེད་པ་དང་། མཚེར་བ་ནི་འགོ་ནད་ལས་ཐར་བའི་དབང་པོའི་གྲས་ཀྱི་གཅིག་ཡིན་ཞིང་། དེ་ལ་ཕན་ནུས་ཆེན་པོ་གསུམ་ལྡན་པ་ནི་གཤམ་གསལ་ལྟར།

(1)མཚེར་བ་ལ་མིའི་ལུས་ཁམས་ཀྱི་ཁྲག་མཛོད་དུ་འབོད་པས། མི་གང་ཞིག་ངལ་གསོ་བ་དང་ལྷིང་འཇགས་ངང་གནས་པའི་སྐབས་སུ། མཚེར་བ་ཡིས་ཁྲག་གསོག་འཇོག་བྱེད་ཀྱིན་ཡོད། ཡང་འགུལ་སྐྱོད་བྱས་པ་དང་ཁྲག་ཤོར་བ། དབྱང་རླུང་མི་འདང་བ་སོགས་ཀྱི་གནས་ཚུལ་འོག་ཏུ། མཚེར་བ་ཡིས་ཁྲག་གི་འཁོར་རྒྱུག་ཁྲོད་དུ་ཁྲག་འདོན་ལ་བརྟེན་ནས་ཁྲག་མང་དུ་འཕེལ་བར་བྱེད།

(2)མཚེར་བ་ནི་ཚགས་མ་ཞིག་དང་འདྲ། ཁྲག་རྒྱུན་ཁྲོད་དུ་ནད་འབུ་དང་འགོག་རྫས། ལུས་འཛུལ་དངོས་པོ། ནད་སྲིན་སོགས་འབྱུང་བའི་སྐབས་སུ་མཚེར་བའི་ནང་གི་འབུ་ཕྲ་ཞུ་ཐུབ་པའི་ཕྲ་ཕུང་ཆེན་པོ་དང་། རྨེན་བུའི་ཕྲ་ཕུང་གིས་དེ་རྣམས་ཁྱུར་མིད་གཏོང་བ་རེད།

(3)མཚེར་བས་ད་དུང་འགོ་ནད་ལས་ཐར་བའི་སྤྲི་དཀར་སོགས་བཟོ་ཐུབ་པ་དང་། འགོ་ནད་ལས་ཐར་བའི་ཕྱོགས་ནས་ནུས་པ་ཆེན་པོ་ཐོན་གྱིན་ཡོད་ལ། མཚེར་བ་ནི་ཁྲག་གི་འཁོར་རྒྱུག་ཁྲོད་ཀྱི་ཚགས་ཆས་གཙོ་ཆེ་བ་དེ་ཡིན་ཞིང་། ཁྲག་རྒྱུན་ཁྲོད་ཀྱི་ལུས་འཛུལ་དངོས་པོ་དང་ནད་འབུ། རྒས་ནས་ཤི་བའི་ཕྲ་ཕུང་དག་གཙང་སེལ་བྱེད་ཐུབ།

མཚེར་བ་སྐྲངས་པའི་སྐབས་སུ་ཟུངས་ཁྲག་ཕྲ་ཕུང་ཉར་ཚགས་ཀྱི་ནུས་ཤུགས་མཐོ་རུ་སོང་ནས། ཁྲག་གི་འཁོར་རྒྱུག་ཁྲོད་ཀྱི་ཕྲ་ཕུང་དམར་པོ་དང་ཕྲ་ཕུང་དཀར་པོ་སོགས་ཀྱི་ཁ་གྲངས་ཕལ་ཆེར་ཇེ་ཉུང་དུ་འགྲོ་བ་ཡིན་ལ། ནད་གཞི་སྣ་ཚོགས་པས་མཚེར་བ་སྐྲངས་པའི་ནད་ཀྱི་ངོ་བོ་བསྐྱེད་སྲིད་པས། ནད་ཀྱི་འབྱུང་རྐྱེན་མ་ནོར་བར་ངོས་འཛིན་པའི་སླད་དུ་རྒྱུན་རིང་རང་བཞིན་གྱི་ནད་རིགས་སྣ་ཚོགས་ལ་བརྟག་དཔྱད་བྱ་དགོས། ཡང་མཚེར་བ་སྐྲངས་པ་ཡིས་རྒྱུན་ལྡན་མ་ཡིན་པའི་ཟུངས་ཁྲག་ཕྲ་ཕུང་མང་པོ་མཚེར་བར་ཞུགས་པའི་ཚེ་ན། ཕྲ་ཕུང་དེའི་རིགས་མཚེར་བར་ཁེགས་ནས་མཚེར་བའི་བྱེད་ནུས་ལ་གནོད་སྐྱོན་ཚབས་ཆེན་བཟོ་བ་རེད་ལ། དེས་ནི་ཉེན་ཚབས་ཅན་གྱི་འཁོར་སྐྱོད་ཅིག་གི་མགོ་བརྩམས་པ་ཡིན་ཏེ། མཚེར་བར་ཞུགས་པའི་ཕྲ་ཕུང་མང་དུ་སོང་བ་ཡིས་མཚེར་བ་སྐྲངས་པ་དང་། མཚེར་བ་སྐྲངས་པ་ཡིས་སླར་ཡང་མཚེར་བར་ཞུགས་པའི་ཕྲ་ཕུང་མང་དུ་འགྲོ་བ་ཡིན། གཞན་མཚེར་བ་ཡིས་ཟུངས་ཁྲག་གི་ཕྲ་ཕུང་མང་པོ་ཞིག་གཙང་སེལ་བྱེད་པའི་སྐབས་སུ། གནད་དོན་རྣམ་པ་སྣ་ཚོགས་ཤིག་འབྱུང་སྲིད་དེ། ཁྲག་ཤེད་དམའ་བ་དང་དུས་རྒྱུན་དུ་རེད་པ། ཁྲག་བཞུར་བ་སོགས་ཀྱི་སྣང་ཚུལ་འབྱུང་བ་ཡིན། དེ་བས་མཐའ་མཇུག་མཚེར་བས་རྒྱུན་ལྡན་མ་ཡིན་པའི་ཟུངས་ཁྲག་ཕྲ་ཕུང་ལ་གནོད་པ་ཐེབས་པ་ལས་གཞན། རྒྱུན་ལྡན་གྱི་ཟུངས་ཁྲག་ཕྲ་ཕུང་ལ་ཡང་གནོད་པ་ཐེབས་སྲིད། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།