དབྱར་ཁར་འབུ་སྲིན་རང་བཞིན་གྱི་རྒྱུ་གཟེར་འབྱུང་བར་མཉམ་འཇོག་བྱེད་དགོས།

ཉེ་ཆར།མཚོ་སྔོན་སློབ་ཆེན་ཟུར་གཏོགས་སྨན་ཁང་གི་འཇུ་བྱེད་ཚན་ཁག་ཏུ་ནད་པ་མང་པོ་འདུས་འདུག

“མདང་དགོང་གྲོགས་པོ་དང་མཉམ་དུ་མཚན་ཁྲོམ་ནས་ཟ་མ་ཟོས་ཤིང་ལྦུ་ཆང་འཐུངས་རྗེས། ཁོག་པར་ཟུག་གཟེར་ལངས་ཤིང་།ཅང་མ་འགོར་བར་སྐྱུགས་བཤལ་བྱས་སོང”ཞེས་སྤྱི་དམངས་འབྲུག་རྒྱལ་གྱིས་དེ་ལྟར་བཤད་པ་དང་།ཞག་གང་པོར་སྤྱོད་ཁང་དུ་ཐེངས་མང་སོང་བ་དང་།ལུས་སྟེང་གི་ཆུ་ཡོངས་རྫོགས་ཤོར་ཚར་འདུག་སྙམ་པའི་སྣང་བ་བྱུང་བས།ད་ནངས་སྔ་མོར་སྨན་ཁང་དུ་ཡོང་ནས་བརྟག་དཔྱད་བྱས་པ་ན།སྨན་པས་འབུ་སྲིན་རང་བཞིན་གྱི་རྒྱུ་གཟེར་ནད་བྱུང་འདུག་པར་བཤད།

འཇུ་བྱེད་ཚན་ཁག་གི་སྨན་པ་ཧྲེན་ལི་ཅོན་གྱིས་གསར་འགོད་པར་བཤད་རྒྱུར།གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས།འབུ་སྲིན་རང་བཞིན་གྱི་རྒྱུ་གཟེར་སོགས་ཁོག་པ་བཤལ་བའི་རྒྱུ་མའི་ནད་རིགས་འབྱུང་ཚད་མཐོ་བའི་དུས་ལ་སླེབས་འདུག འབུ་སྲིན་རང་བཞིན་གྱི་རྒྱུ་གཟེར་ཞེས་པ་ནི་བཤལ་ནད་ནར་སྲིན་གྱིས་བསླངས་པའི་རྒྱུ་མ་རེད་པའི་ནད་རིགས་ཤིག་ཡིན་ལ།དེའི་ནད་རྟགས་གཙོ་བོ་ནི་གསུས་པ་གཟེར་བ་དང་ཁོག་པ་བཤལ་བ།སྐྱུགས་མེར་ལངས་པ་སོགས་ཡིན་ལ།ཚབས་ཆེ་བའི་སྐབས་སུ་ད་རུང་ཚ་རྒྱས་པ་རེད།

ཧྲེན་ལི་ཅོན་གྱིས་བཤད་པ་ལྟར་ན།འབུ་སྲིན་རང་བཞིན་གྱི་རྒྱུ་གཟེར་ནི་ཧ་ཅང་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་པ་དང་།དེ་ལ་མངོན་གསལ་གྱི་དུས་ཚིགས་རང་བཞིན་ལྡན་པས།དབྱར་སྟོན་གཉིས་ནི་དེའི་འབྱུང་ཚད་ཆེས་མཐོ་བའི་དུས་རེད།ཟས་རིགས་གཙང་མ་ཡིན་མིན་ལ་དོ་སྣང་མི་བྱེད་པར་སྦགས་ཟིན་པའི་ཟས་རིགས་དང་སྐོམ་ཆུ་འཐུངས་ན།བཤལ་ནད་ནར་སྲིན་མང་པོ་མི་གཙང་བའི་ཟས་རིགས་དང་འགྲོགས་ནས་མིའི་ཁོག་པའི་ནང་དུ་སོང་བས།འབུ་སྲིན་རང་བཞིན་གྱི་རྒྱུ་གཟེར་བྱུང་བ་རེད།

འབུ་སྲིན་རང་བཞིན་གྱི་རྒྱུ་གཟེར་བྱུང་རྗེས་ཆེས་གཡོལ་ཐབས་མེད་པ་ནི་ཁོག་པ་བཤལ་བ་དེ་ཡིན་ལ།ཁོག་པ་བཤལ་ན་ལུས་སྟེང་གི་ཆུ་ཤོར་བ་དང་།ལུས་སྟེང་གི་ཆུ་ཤོར་ན་ཆུ་དང་གློག་འབྱེད་རྫས།སྐྱུར་བུལ་སོགས་དོ་མཉམ་ཡོང་དཀའ་བས།རྒྱུ་གཟེར་བྱུང་བའི་སྐབས་སུ་ཆེས་གལ་ཆེ་བ་ནི་གཤེར་ཁུ་ཁ་གསབ་བྱེད་རྒྱུ་དེ་རེད།ཁོག་པ་བཤལ་ཚད་མི་འདྲ་བ་དང་ལུས་སྟེང་གི་ཆུ་ཤོར་ཚད་མི་འདྲ་བའི་དབང་གིས་གཤེར་ཁུ་ཁ་གསབ་བྱེད་ཚད་ཀྱང་མི་འདྲ་བ་རེད།ཧྲེན་ལི་ཅོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།གཤེར་ཁུ་ཁ་གསབ་བྱེད་པར་ཁོང་བསྟེན་དང་སྡོད་རྩར་ལྡུག་པ་གཉིས་ཡོད་ལ།ཁོང་བསྟེན་གཤེར་གསབ་ཚྭ་ནི་ཆེས་སྟབས་བདེ་ཞིང་ཆེས་ཐད་ཀར་གྱི་བྱེད་ཐབས་ཤིག་ཡིན།གལ་ཏེ་ཁོང་བསྟེན་གཤེར་གསབ་ཚྭ་མེད་ན།ཚྭ་འདུས་པའི་ཚོད་ཁུ་དང་སྐོམ་ཆུ་སོགས་ཀྱང་ཆོག་མོད།འོན་ཀྱང་ཆུ་ཤོར་ཚད་མཐོ་བའི་ནད་པར་ངེས་པར་དུ་མྱུར་མོར་སྡོད་རྩའི་གཤེར་གསབ་བྱེད་དགོས།

དབྱར་ཁར་འབུ་སྲིན་རང་བཞིན་གྱི་རྒྱུ་གཟེར་ལ་ཇི་ལྟར་གཡོལ་དགོས་སམ་ཞེ་ན།ཐོག་མར་ཟས་རིགས་ཀྱི་གཙང་སྦྲར་དོ་སྣང་བྱེད་དགོས།ངོ་བོ་འགྱུར་བ་དང་ཧམ་སྤུ་བརྒྱབ་པ།ཚོས་མ་རློན་གྱི་ཟས་རིགས་སོགས་གཏན་ནས་བཟའ་མི་རུང་བ་དང་།སྔོ་ཚོད་དང་སིལ་ཏོག་གཙང་མར་བཀྲུ་དགོས།ཁྱིམ་ནས་ཟ་མ་ལས་ཏེ་ཕྱི་རོལ་ཏུ་ཟ་མ་བཟའ་བའི་ཚད་ཇེ་ཉུང་དུ་གཏོང་དགོས་པ་དང་།ཟ་མ་བཟའ་སྐབས་ལག་པ་བཀྲུ་རྒྱུ་ལོབས་སུ་འཇུག་དགོས།རང་སྟེང་གི་གཙང་སྦྲར་དོ་སྣང་བྱེད་དགོས་པ་ལས་གཞན་ད་རུང་སྤྱི་པའི་གཙང་སྦྲར་ཡང་དོ་སྣང་ལེགས་པོ་བྱེད་དགོས།དཔེར་ན་སྤྱི་སྤྱོད་རླངས་འཁོར་སྟེང་གི་ལག་འཇུ་དང་རྐུབ་སྟེགས།སྒོ་ལུང་སོགས་ནི་འབུ་སྲིན་གྱི་སྦགས་ཚད་ཆེས་མཐོ་བའི་གནས་ཡིན་པས།ཁྱིམ་དུ་ལོག་མ་ཐག་ཏུ་མྱུར་མོར་ལག་པ་བཀྲུ་དགོས།

“དབྱར་ཁར་ཚ་གདུག་ཆེ་བའི་དབང་གིས་མི་མང་པོ་ཞིག་སྐོམ་ཆུ་གྲང་མོ་འཐུང་རྒྱུར་ཧ་ཅང་དགའ།དེས་ཕོ་རྒྱུ་ལ་ཕོག་ཐུག་གཏོང་བར་མ་ཟད།ཕོ་རྒྱུའི་རིམས་འགོག་ནུས་པ་ཇེ་དམའ་རུ་གཏོང་བས།འབུ་སྲིན་མང་པོར་སྐབས་བསྟུན་གྱིས་འཛུལ་བའི་གོ་སྐབས་བྱིན་པ་རེད”ཅེས་ཧྲེན་ལི་ཅོན་གྱིས་དེ་ལྟར་བཤད་པ་དང་།དབྱར་ཁར་ངེས་པར་དུ་ཆུ་ཁོལ་དྲོད་འཇམ་མང་དུ་འཐུང་དགོས་ཟེར།དེ་ལས་གཞན་ད་རུང་དབྱར་ཁར་འབུ་སྦྲང་མང་བས།འབུ་སྦྲང་ཡང་བཤལ་ནད་ནར་སྲིན་གྱི་མཆེད་ལམ་གཙོ་བོ་ཞིག་རེད།དེ་བས་དབྱར་ཁར་སྡོད་ཁང་ནང་དུ་སེང་དྲ་དང་སེང་སྒོ་སོགས་སྒྲིག་སྦྱོར་བྱས་ཏེ།འབུ་སྦྲང་འགོག་ཅི་ཐུབ་བྱེད་དགོས་པ་དང་།འབུ་སྲིན་རང་བཞིན་གྱི་རྒྱུ་གཟེར་འགོག་ཅི་ཐུབ་བྱེད་དགོས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།