ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་མཚན་མི་སྙོམས་པའི་རྒྱུ་རྐྱེན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་མཚན་འབབ་པའི་འཁོར་ཡུན་ནི་ཉིན28ཡིན་ནའང་ཉིན28ཀྱི་ཆེས་ཚད་ལྡན་ཅན་གྱི་ཟླ་མཚན་འཁོར་ཡུན་ལྡན་པའི་བུད་མེད་ཧ་ཅང་ཉུང་། བུད་མེད་མང་ཆེ་བ་ཞིག་གི་ཟླ་མཚན་འཁོར་ཡུན་ཉིན21ནས35བར་ཡིན་པས། ཟླ་རེ་རེའི་འཁོར་ཡུན་མི་འདྲ་བ་དེ་ཡང་རྒྱུན་ལྡན་ཞིག་ཏུ་བསམ་ཆོག་མོད། འོན་ཀྱང་བུད་མེད་ཁ་ཤས་ཤིག་གི་ཟླ་མཚན་འཁོར་ཡུན་ནི་དེ་བས་ཀྱང་རྒྱུན་ལྡན་མིན་པས། དེའི་རྒྱུ་རྐྱེན་ཅི་ཡིན་པའི་ཐད་ནས་ཨ་མེ་རི་ཁའི་པོ་ཧྲི་ཏུན་སློབ་ཆེན་གསོ་རིག་སློབ་གླིང་མོ་ནད་བཙའ་སྐྱེ་ཚན་ཁག་གི་དགེ་རྒན་ཆེན་མོ་གཞོན་པ་ཁེ་ཐེ•ཧོའེ་ཐེ་དང་ཉིའུ་ཡོག་གྲོང་ཁྱེར་གྱི་བུད་མེད་ཀྱི་བདེ་ཐང་ཆེད་མཁས་པའམ་ཁོང་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་སོ་མ•མན་ཏ་ཨེར་གཉིས་ཀྱིས་དབྱེ་ཞིབ་བྱས་པ་འདི་ལྟ་སྟེ།

གནོན་ཤུགས་ཆེ་བ། སེམས་ལ་གནོན་ཤུགས་ཡོད་ན་པགས་རྫས་ཕྲུན(皮质醇)དང་གཤེར་མའི་ཕུང་རྩི་ཇེ་ཉུང་དུ་སོང་ནས།ཀླད་ཆེན་དང་བསམ་སེའུ་བར་གྱི་བརྗེ་རེས་ལ་གནོད་འཚེ་ཐེབས་པ་རེད།བུད་མེད་ཀྱི་ཟླ་མཚན་ལ་སེམས་ཀྱི་གནོན་ཤུགས་ཀྱི་ཤུགས་རྐྱེན་ཐེབས་ཏེ་ཐེངས་གཅིག་ནས་གཉིས་ལ་མ་བབས་ནའང་གནོད་པ་ཆེན་པོ་མེད་མོད།འོན་ཀྱང་བསྟུད་མར་ཟླ་བ་གསུམ་གྱི་ཡན་བརྒལ་ན་ངེས་པར་དུ་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱེད་དགོས།

སྦྲུམ་འགོག་ཡོ་བྱད་བཞག་པ། བུ་སྣོད་ནང་དུ་སྦྲུམ་འགོག་ཡོ་བྱད་འཇོག་པ་དང་།ནང་སྒོས་སུ་སྐུལ་རྩི་བྱུགས་པའི་སྦྲུམ་འགོག་ཡོ་བྱད་བཞག་མ་ཐག ཟླ་མཚན་མི་འབབ་པའི་གནས་ཚུལ་འབྱུང་བའམ་ཡང་ན་ཟླ་མཚན་ཕྱིར་འགྱངས་བྱེད་པ་དང་འཁོར་ཡུན་ཇེ་རིང་དུ་འགྲོ་བའི་གནས་ཚུལ་འབྱུང་མོད།འོན་ཀྱང་སྦྲུམ་འགོག་ཡོ་བྱད་དེ་ལུས་སྟེང་དུ་ཟུག་རྗེས་ནད་རྟགས་དེའི་རིགས་རང་བཞིན་གྱིས་ཡལ་ཏེ་ཟླ་མཚན་འབབ་ཚད་རྒྱུན་ལྡན་དུ་འགྱུར་སྲིད། གལ་ཏེ་དུས་ཡུན་རིང་པོར་ལུས་ལ་མི་ཟུག་པའམ་ཡང་ན་ལུས་ཕུང་མི་བདེ་བའི་ཚོར་སྣང་བྱུང་ན་མྱུར་དུ་སྨན་པར་བསྟེན་དགོས།

མངལ་སྦྲུམ་པ། མངལ་སྦྲུམ་རྗེས་ལུས་ཕུང་གིས་བུ་སྣོད་ནང་སྐྱི་གསོག་འཇོག་བྱས་པ་ལ་བརྟེན་ནས་ཁམས་དཀར་བླངས་ཟིན་པའི་ཁམས་དམར་གསོ་བར་མ་ཟད།དེ་ལ་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་པས།ཟླ་མཚན་འབབ་མཚམས་བཞག་པ་རེད།གལ་ཏེ་ཁྱོད་ལ་ཟླ་མཚམས་མི་འབབ་པའི་ཁར།མངལ་སྦྲུམ་པའི་རྟགས་གཞན་པ་སྟེ།དཔེར་ན་ནུ་མ་སྐྲངས་པ་དང་སྐྱུག་མེར་ལངས་པ།ཐང་ཆད་པ་སོགས་ཀྱི་གནས་ཚུལ་བྱུང་ན་མངལ་སྦྲུམ་ཡོད་མེད་ལ་བརྟག་དགོས།

བསམ་སེའུ་ཕྱོགས་བསྡུས་ནད་བྱུང་བ། བསམ་སེའུ་ཕྱོགས་བསྡུས་ནད་ཀྱི་ནད་པའི་ཕོ་རྒྱུ་སྐུལ་རྩི་དང་གཤེར་མའི་ཕུང་རྩི་ཇེ་ཉུང་དུ་བཏང་བའི་དབང་གིས་ཟླ་མཚན་སྙོམས་པོ་མི་ཡོང་བ་རེད།གནས་ཚུལ་དེའི་རིགས་ནི་མྱུར་དུ་སྨན་པར་བསྟན་ནས་གསོ་བཅོས་བྱེད་པར་བརྟེན་ནས་ཟླ་མཚན་འབབ་ཏུ་འཇུག་དགོས།

སྦྲུམ་འགོག་ཐབས་ལམ་བརྗེ་བ། སྨན་འཐུང་ནས་སྦྲུམ་འགོག་པའམ་ཡང་ན་ཨ་ལོང་བཞག་ནས་སྦྲུམ་འགོག་པ་གང་ཞིག་ཡིན་རུང་།དེས་བུད་མེད་ཀྱི་ལུས་སྟེང་གི་སྐུལ་རྩི་ལ་འགྱུར་ལྡོག་གཏོང་ངེས་པས་ཟླ་མཚན་ལའང་འགྱུར་ལྡོག་བྱུང་བ་རེད།སྤྱིར་བཏང་དུ་སྦྲུམ་འགོག་ཐབས་ལམ་བརྗེ་ན་གཟའ་འཁོར་འགའ་དང་ཡང་ན་ཟླ་བ་འགར་མངལ་ལམ་ནས་ཁྲག་ཉུང་ངུ་འཛག་པ་ཡིན་ལ།དེ་ནི་ལུས་པོ་དལ་གྱིས་སྦྲུམ་འགོག་ཐབས་ལམ་དེར་ལོབས་ཀྱིན་པའི་རྟགས་རེད།

ཨོལ་གོང་གཤེར་རྨེན་གྱི་ནད་རིགས་བྱུང་བ། ཨོལ་གོང་གཤེར་རྨེན་རྒྱས་པའམ་ཡང་ན་ཇེ་ཉུང་དུ་སོང་ན་དུས་ཐོག་ཏུ་གསོ་བཅོས་བྱེད་དགོས།དེ་མིན་ན་ཟླ་མཚན་འཁོར་ཡུན་ལ་འགྱུར་ལྡོག་འབྱུང་བ་དང་།ནད་དེ་དྲག་སྐྱེད་བྱུང་རྗེས་ཡང་བསྐྱར་རྒྱུན་ལྡན་དུ་འགྱུར་སྲིད།

ནུ་མ་སྣུན་པ། ཕྲུ་གུར་ནུ་མ་སྣུན་པའི་སྐབས་སུ་ཟླ་མཚན་ཆད་པའི་གནས་ཚུལ་འབྱུང་བ་དང་།ནང་སྒོས་སུ་ནུ་མ་ཁོ་ནར་བརྟེན་ཏེ་ཞོར་ཟས་ཁ་སྣོན་མི་བྱེད་པའི་གནས་ཚུལ་འོག་ཟླ་མཚན་ཆད་པའི་དུས་ཡུན་དེ་བས་ཀྱང་རིང་།དེ་ནི་འོ་འབབ་རྒྱུ(催乳素)ཇེ་མང་དུ་སོང་ནས་ཁམས་དམར་འབབ་པར་ཚོད་འཛིན་ཐེབས་པས་རེད།

ལུས་སྦྱོང་ཚད་ལས་བརྒལ་བ། ལུས་སྦྱོང་བྱས་པ་ཚད་ལས་བརྒལ་བའི་དབང་གིས་ཟླ་མཚན་ཆད་པའི་གནས་ཚུལ་འདིའི་རིགས་ནི་རྒྱུན་དུ་ལུས་སྦྱོང་ལུས་རྩལ་པ་དང་ཞབས་བྲོ་འཁྲབ་སྟོན་པའི་སྟེང་དུ་འབྱུང་བ་རེད།ཚད་ལས་བརྒལ་བའི་ལུས་སྦྱོང་དང་ཚད་ལས་བརྒལ་བའི་ཚོ་བྱང་བ་སོགས་ཀྱིས་ཟླ་མཚན་འབབ་པའི་མོ་རྒྱུ་སྐུལ་རྩི(雌激素)དང་སེར་གཟུགས་ཐོན(黄体酮)ཇེ་ཉུང་དུ་བཏང་བས་རེད།དེའི་སྐབས་སུ་བཟའ་བཏུང་གི་གོམས་སྲོལ་བསྒྱུར་ཏེ་དྲོད་ཚད་འདང་ཚོད་ཐོབ་པ་དང་ཀལ་ཁ་སྣོན་བྱེད་དགོས་པར་མ་ཟད།ད་རུང་ལུས་སྦྱོང་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས།

བུ་སྣོད་ཤ་སྐྲན་གྱི་ནད་བྱུང་བ། བུ་སྣོད་ཤ་སྐྲན་དང་མངལ་སྐེའི་ཤ་ལུ་སོགས་ནི་ནད་འགྱུར་ཡང་མོའི་རིགས་ཡིན་མོད།འོན་ཀྱང་དེར་མངལ་ཁོག་དང་གསུས་ཞབས་ན་བ་སོགས་ཀྱི་ནད་རྟགས་མངོན་ཏེ།ཟླ་མཚན་འབབ་པར་གནོད་པ་ཐེབས་སྲིད།དེའི་རྟགས་གཙོ་བོ་ནི་ཟླ་མཚན་སྔ་མ་བབས་ཏེ་གཞུག་མ་མ་བབས་པའི་བར་དུ་ཁྲག་ཉུང་ངུ་འཛག་པ་དང་ཡང་ན་ཟླ་མཚན་འབབ་པའི་སྐབས་སུ་ཁྲག་མང་པོ་འཛག་པ་སོགས་ཀྱི་གནས་ཚུལ་འབྱུང་བ་དང་།ལན་རེར་ཁྲག་མང་པོ་འཛག་སྟེ་ལུས་སྟེང་དུ་ཁྲག་རྒྱག་དགོས་པའི་གནས་ཚུལ་འབྱུང་མོད།འོན་ཀྱང་རྒྱུན་ལྡན་གྱི་ཟླ་མཚན་འཁོར་ཡུན་ལ་འགྱུར་བ་མེད།

ན་རྒས་དུས་སྐབས་སུ་སླེབས་པ། དུས་སྐབས་འདིར་སླེབས་རྗེས།ལུས་ཕུང་གིས་སྐྱེ་འཕེལ་འཁོར་ཡུན་མཚམས་འཇོག་རྩིས་བྱེད་ཀྱིན་ཡོད་པས།མོ་རྒྱུ་སྐུལ་རྩི་དང་སེར་གཟུགས་ཐོན་སོགས་ཀྱི་སྐུལ་རྩི་ཟགས་ཐོན་བྱེད་ཚད་ཇེ་ཉུང་དུ་སོང་སྟེ་སྙོམས་པོ་མི་ཡོང་བ་དང་།ཐ་ན་མཚམས་ཆད་པའི་གནས་ཚུལ་འབྱུང་སྲིད།

མདོར་ན། ཟླ་མཚན་སྙོམས་པོ་མི་ཡོང་བ་དེ་ལ་རྒྱུ་རྐྱེན་མང་པོ་ཡོད་པར་མ་ཟད།མི་རེ་རེའི་གནས་ཚུལ་མི་འདྲ་བས།གལ་ཏེ་བུད་མེད་རྣམས་ལ་ཟླ་མཚན་འབབ་པའི་སྐབས་སུ་གནད་དོན་བྱུང་ན།མྱུར་དུ་སྨན་པར་བསྟན་ནས་རྒྱུ་རྐྱེན་འཚོལ་དགོས་པ་དང་།མྱུར་དུ་སྙོམས་སྒྲིག་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།