ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཐང་གི་འཚོ་བ་རོལ་སྟངས་དང་བདེ་ཐང་གི་ཁྲག་ཤེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྲག་ཤེད་མཐོ་བ་ནི་ཆེས་རྒྱུན་མཐོང་གི་དལ་གཤིས་ནད་རིགས་ཤིག་ཡིན་ཏེ།མིག་སྔར་རྒྱལ་ཡོངས་སུ་ད་ཡོད་ཀྱི་ཁྲག་ཤེད་མཐོ་བའི་ནད་པ་དུང་ཕྱུར2.7ལ་སླེབས་ཡོད།ཁྲག་ཤེད་མཐོ་བ་ནི་སྙིང་ནད་དང་ཀླད་པའི་གཟའ་གྲིབ།མཁལ་མའི་ནད་སོགས་ཀྱི་འབྱུང་རྐྱེན་དང་ཡང་ན་ཤི་རྐྱེན་གཙོ་བོར་གྱུར་ཡོད།ད་ལོའི་འཛམ་གླིང་གི་ཁྲག་ཤེད་མཐོ་བའི་ཉིན་མོའི་བརྗོད་དོན་ནི“བདེ་ཐང་གི་འཚོ་བ་རོལ་སྟངས་དང་བདེ་ཐང་གི་ཁྲག་ཤེད”ཅེས་པ་དེ་རེད།

ཅི་ཞིག་ལ་ཁྲག་ཤེད་མཐོ་བའི་ནད་ཟེར།

ཁྲག་ཤེད་མཐོ་བའི་ནད་ནི་ཆེས་རྒྱུན་མཐོང་གི་དལ་གཤིས་ནད་རིགས་ཤིག་ཡིན་ལ།ཀླད་སྙིང་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་གཙོ་བོའང་ཡིན།འཁུམ་འདུའི་གནོན་ཤུགས་ཧའོ་སྨི་དངུལ་ཆུའི་སྡོང་མདའ140ལས་མཐོ་བའམ་ཡང་ན་མཚུངས་པ་དང་རྐྱོང་འབྱེད་གནོན་ཤུགས་ཧའོ་སྨི་དངུལ་ཆུའི་སྡོང་མདའ90ལས་མཐོ་བའམ་ཡང་ན་མཚུངས་པའི་སྐབས་སུ།ཁྲག་ཤེད་ཇེ་མཐོར་སོང་བའམ་ཡང་ན་ཁྲག་ཤེད་མཐོ་བའི་ནད་དུ་ངོས་འཛིན་དགོས།ཁྲག་ཤེད་མཐོ་བའི་ནད་པ་མང་ཤོས་ལ་ནད་རྟགས་གང་ཡང་མེད་པས།དེ་ལ་མི་རྣམས་ཀྱིས“ཁ་མི་གྲག་པའི་ལག་དམར”ཞེས་འབོད་ཀྱིན་ཡོད།

ཁྲག་ཤེད་མཐོ་བའི་ནད་འབྱུང་སླ་བའི་མི་ཚོགས།

ཁྱིམ་ཚང་གི་རྒྱུད་འདེད་པ།བརྒྱ་ཆའི་སུམ་ཅུ་ནས་བརྒྱ་ཆའི་ལྔ་བཅུ་ཡི་ཁྲག་ཤེད་མཐོ་བའི་ནད་པར་ཁྱིམ་རྒྱུད་དུ་ཁྲག་ཤེད་མཐོ་བའི་ནད་ཡོད་པ་རེད།

ཤ་སྒྲིམ་པ།རྒྱུན་དུ་ཤ་སྒྲིམ་པ་དང་སེམས་འཚིག་པ།གནོན་ཤུགས་ཆེ་བ་བཅས་ཀྱི་མི་ཚོགས།

བཟའ་བཏུང་ལུགས་མཐུན་མིན་པ།དུས་རྒྱུན་དུ་ཚྭ་མང་བ་དང་ཅཱ་ཉུང་བའི་ཟས་རིགས་བཟའ་བ་དང་།ཆང་འཐུང་བ་དང་ཐ་མག་འཐེན་པ།

ཚོ་དྲགས་པའི་མི་ཚོགས།ཚོ་དྲགས་པའི་མི་ལ་ཁྲག་ཤེད་མཐོ་བའི་ནད་འབྱུང་བའི་ཚད་རྒྱུན་ལྡན་གྱི་མི་ལས་ལྡབ་གསུམ་གྱིས་མཐོ་བ་རེད།

ཁྲག་ཤེད་མཐོ་བའི་ནད་ཀྱི་རྒྱུན་ཤེས།

གཟའ་གྲིབ་ཕོག་པ་དང་སྙིང་ནད།མཁལ་མའི་བྱེད་ནུས་ཆ་ཚང་མིན་པ་སོགས་ཀྱི་ནད་རིགས་ནི་ཁྲག་ཤེད་མཐོ་བའི་ནད་ཀྱི་ཆེས་རྒྱུན་མཐོང་གི་སྦྲགས་ནད་ཡིན་པས།ནད་པར་གྱུར་པ་དང་ཤི་ཚད་མཐོ་ལ་གནོད་པ་ཤིན་ཏུ་ཆེ།

ཚོ་དྲགས་པ་དང་ཚྭ་མང་བའི་ཟས་རིགས་བཟའ་བ།ཆང་བག་མེད་དུ་འཐུང་བ་བཅས་ནི་ཁྲག་ཤེད་ཇེ་མཐོར་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས།ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་པ་དང་ཚྭ་བཟའ་བར་ཚོད་འཛིན་བྱེད་པ།ཆང་འཐུང་ཚད་ཇེ་ཉུང་དུ་གཏོང་བ་བཅས་ནི་ཁྲག་ཤེད་མཐོ་བའི་ནད་སྔོན་འགོག་བྱེད་པའི་ནུས་ལྡན་གྱི་བྱེད་ཐབས་ཡིན།

ཁྲག་ཤེད་ལ་ཁོར་ཡུག་དང་བྱ་འགུལ།སེམས་ཁམས།སྨན་འཐུང་ཚད་ལུགས་མཐུན་མིན་པ་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་ན་འཕར་ཆག་ཆེན་པོ་འབྱུང་བ་རེད།དེའི་རྐྱེན་གྱིས་ཁྲག་ཤེད་མཐོ་བའི་མིས་རྒྱུན་དུ་ཁྲག་ཤེད་འཇལ་བར་དོ་སྣང་བྱེད་དགོས།

བདེ་ཐང་གི་འཚོ་བ་རོལ་སྟངས་ནི་ཁྲག་ཤེད་མཐོ་བའི་ནད་སྔོན་འགོག་བྱེད་པའི་རྨང་རྡོ་ལྟ་བུ་ཡིན་པས།རྒྱུན་འཁྱོངས་ལྷོད་མེད་བྱས་ན་ཕན་འབྲས་ཆེན་པོ་ཐོན་ཐུབ།

ཁྲག་ཤེད་མཐོ་བའི་སྨན་གདམ་གསེས་ལེགས་པོ་བྱས་ཏེ་དུས་རྒྱུན་དུ་རྒྱུན་འཁྱོངས་དང་ལུགས་མཐུན་སྒོས་འཐུང་བ་ནི།ཁྲག་ཤེད་ཇེ་དམའ་རུ་འགྲོ་བའི་གཞི་རྩའི་ཁག་ཐེག་ཡིན།

འཚོ་བ་རོལ་སྟངས་ལེགས་པོ་ཆགས་སུ་འཇུག་དགོས།

གཉིད་སྐྱིད་པོར་རོལ་བ་ལས་མཚན་བརྒལ་མི་རུང་། ཉལ་ཁར་ལུས་པོའི་འགུལ་སྐྱོད་དྲག་པོ་དང་ཡང་ན་ཀླད་པའི་རྩོལ་ཤུགས་དྲག་པོ་བྱེད་མི་རུང་།ངལ་གསོ་ལེགས་པོ་བྱས་ན་ཁྲག་ཤེད་རྒྱུན་ལྡན་དང་ཡང་ན་ཇེ་དམའ་རུ་འགྲོ་བར་ཕན།

ཐ་མག་མི་འཐེན་པ། ཐ་མག་ཁྲོད་ཀྱི་གྲུབ་ཆ་ཁ་ཤས་ཀྱིས་ཁྲག་རྩ་རྩ་འཁུམ་འབྱུང་བར་བྱས་ཏེ་ཁྲག་ཤེད་ཇེ་མཐོར་གཏོང་བ་དང་།དེས་ལུས་ཕུང་ལ་གནོད་འཚེ་ཚབས་ཆེན་ཐེབས་པས་མྱུར་དུ་བཅད་ན་ལེགས།

ཆང་མི་འཐུང་བ། ཁྲག་ཤེད་མཐོ་བའི་ནད་པས་ཆང་འཐུང་སྐབས་མཉམ་འཇོག་ལེགས་པོ་བྱེད་དགོས་ཏེ།ཆང་བཙན་པོ་འཐུང་བའམ་ཡང་ན་མྱུར་མོར་འཐུང་མི་རུང་།

སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་བཏང་སྟེ་སེམས་པ་ལྷོད་ལ་འབབ་དགོས། སེམས་པ་ལྷོད་ལ་བབས་ན་ཁྲག་ཤེད་རྒྱུན་ལྡན་ཡོང་བར་ཕན་པ་དང་།དུས་ཡུན་རིང་པོར་སེམས་ལ་གནོན་ཤུགས་ཀྱིས་ཁེངས་ན།ཁྲག་ཤེད་རྒྱུན་མཐུད་ངང་ཇེ་མཐོར་འགྲོ་བ་རེད།

ཟས་ལུགས་མཐུན་གྱིས་སྤྱོད་པ། ཚྭ་མང་བའི་ཟས་རིགས་ཉུང་བཟའ་དང་ཅཱ་འདུས་པའི་ཟས་རིགས་མང་དུ་ཟོས་ཏེ།འཚོ་བཅུད་དོ་མཉམ་ཡོང་བར་བྱེད་པ་དང་།སྤྲི་དཀར་ཁ་གསབ་བྱེད་པར་དོ་སྣང་བྱེད་དགོས།སིལ་ཏོག་དང་སྔོ་ཚོད་མང་དུ་ཟོས་ཏེ།ཀལ་ཁ་གསབ་བྱེད་ཚད་ཇེ་མང་དུ་གཏོང་དགོས།

རྒྱུན་དུ་ལུས་སྦྱོང་བྱེད་པ། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་པར་མཉམ་བཞག་སྟེ།ཚོ་བྱང་དུ་འཇུག་པ་ནི་ཁྲག་ཤེད་རྒྱུན་ལྡན་དང་ཡང་ན་ཇེ་དམའ་རུ་འགྲོ་བའི་བྱེད་ཐབས་གལ་ཆེན་ཞིག་རེད།ནད་པས་རང་ཉིད་ཀྱི་གནས་ཚུལ་དང་བསྟུན་ནས་རང་ཉིད་ལ་འོས་ཤིང་འཚམ་པའི་འགུལ་སྐྱོད་བྱེད་སྟངས་འདེམ་ཆོག་ལ།སྤྱིར་བཏང་དུ་རྐང་ཐང་ལ་སོང་ན་ཆེས་བཟང་ངོ་། །

ཁྲག་ཤེད་འཇལ་ཆས་གྲ་སྒྲིག་བྱེད་པ། ཁྲག་ཤེད་མཐོ་བའི་ནད་པས་ངེས་པར་དུ་དུས་བཅད་ལྟར་ཁྲག་ཤེད་འཇལ་དགོས་པ་སྟེ།དཔེར་ན་གཟའ་འཁོར་གཅིག་གི་ནང་དུ་ཆེས་ཉུང་ནའང་ཐེངས་གཅིག་ལ་འཇལ་དགོས་པ་ལས།རང་ཉིད་ཀྱི་ཚོར་སྣང་གི་རྗེས་སུ་འདེད་མི་རུང་།

སྨན་པའི་མངག་བཅོལ་ལྟར་སྨན་འཐུང་དགོས། གང་འདོད་དུ་སྨན་འཐུང་མཚམས་འཇོག་མི་རུང་།གལ་ཏེ་སྨན་འཐུང་མཚམས་བཞག་ན།ཁྲག་ཤེད་ཡང་བསྐྱར་ཇེ་མཐོར་འགྲོ་བ་དང་ཁྲག་ཤེད་ལ་འཕར་ཆག་ཆེན་པོ་འབྱུང་སྲིད་པས།ཀླད་སྙིང་མཁལ་མ་སོགས་ལ་གནོད་པ་ཐེབས་ཚད་དེ་བས་ཀྱང་ཆེ།རྒྱུན་འཁྱོངས་སྒོས་སྨན་འཐུང་བ་ནི་ཁྲག་ཤེད་མཐོ་བའི་ནད་པ་ཚེ་ཐག་རིང་པོ་ཡོང་བའི་ཐབས་ལམ་ཉག་ཅིག་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།