ཀྲུང་གོ་བོད་ཀྱི་དྲ་བ།

སྐེ་ཚིགས་ན་དུས་སྐེ་འཁོར་འགུལ་བྱས་ན་ཕན་པ་ཡོད་དམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱིར་བཏང་དུ་སྐེ་འཁོར་འགུལ་བྱས་ན་སྐེ་ཚིགས་ན་བར་མི་ཕན་པའི་ཁར། ལྡོག་སྟེ་མགོ་ཡུ་འཁོར་བ་དང་། སྐྱུག་མེར་ལངས་པ། མགོ་ན་བ་སོགས་ཀྱི་ནད་རྟགས་མང་པོ་ཐོན་ཀྱིན་ཡོད། མགོ་བོ་ནི་མ་གཞི་ནས་འཁོར་འགུལ་བྱེད་པར་མི་འཚམ་པའི་ལུས་ཀྱི་ཆ་ཤས་ཤིག་ཡིན་པས། དེ་ཉིད་འཁོར་འགུལ་བྱས་ན་སྐེ་ཚིགས་ལ་རང་ཤུགས་ཀྱིས་གནོན་ཤུགས་སྟེར་བ་དང་། ཡུན་རིང་པོ་སོང་ཚེ་སྔ་མོ་ནས་ཉམས་ཞན་དུ་འགྱུར་བར་མ་ཟད། སྒལ་ཚིགས་མཁྲེགས་པོར་ཆགས་པ་དང་སྐེ་ཚིགས་ལ་རྨས་སྐྱོན་ཕོག་ནས་སྒལ་ཚིགས་མཁར་མཚམས་ཕྱིར་འབུར་བའི་ནད་རྟགས་ཐོན་གྱིན་ཡོད་པས། ངལ་དུབ་སེལ་མི་ཐུབ་པའི་ཁར། ད་དུང་ནད་རིགས་སྐྱེད་བྱེད་ཀྱི་རྒྱུ་རུ་འགྱུར་འགྲོ་བ་རེད།

སྐེ་ཚིགས་སྲུང་ཐབས་ཡང་དག་པ་ནི་གཤམ་གསལ་ལྟར།

གཡས་འཁོར་གཡོན་འཁོར་བྱེད་པ། ཡར་ལངས་པའམ་ཙོག་པུར་སྡོད་དུས་མགོ་བོ་གཡས་གཡོན་དུ་རེས་མོས་བཞིན་འཁོར་བར་གོམས་དགོས།

མགོ་ཡར་དགྱེ་ནས་གནམ་ལ་བལྟ་བ། ཡར་ལངས་པའམ་ཙོག་པུར་སྡོད་དུས་མིག་གཉིས་ཀྱིས་གནམ་ལ་ལྟ་ཞོར་མགོ་བོ་ལྟག་ཀར་དགྱེ་དགོས།

སྐེ་དང་དཔུང་བས་ཤུགས་འདོན་པ། ཡར་ལངས་པའམ་ཙོག་པུར་སྡོད་སྐབས་ལག་པ་གཉིས་ཀྱིས་མགོ་བོའི་ལྟག་ཀར་སྣོལ་མར་འཇུས་ནས། ལག་པ་གཉིས་ཀྱིས་སྔོན་ལ་འཐེན་པ་དང་མགོ་བོ་ཕྱིར་དགྱེ་བའི་འགུལ་སྟངས་རྒྱུན་འཁྱོངས་བྱེད་དགོས།

དཔུང་བ་གཉིས་གྱེན་དུ་འགྱོག་པ་དང་སྐེ་ཚིགས་སྐུམ་པ། དཔུང་བ་གཉིས་དལ་མོར་ཡར་བཀྱགས་ནས་སྐེ་ཚིགས་ནང་དུ་བསྐུམས་རྗེས་དལ་བའི་རང་བཞིན་གྱིས་ཕྱིར་རང་གནས་སུ་འབྱོར་བར་བྱེད་པ་དང་། དཔུང་བ་གཉིས་མར་དཔྱངས་པ་དང་མགོ་བོ་ཡར་བཀྱགས་ནས་ཅུང་ཙམ་འགོར་རྗེས། དཔུང་བ་གཉིས་ཕྱིར་རང་གནས་སུ་འབྱོར་བའམ་ལྷོད་ལ་བབས་ནས་རྒྱུན་ལྡན་ལྟར་དབུགས་ལེན་དགོས།

གཡས་འགུལ་གཡོན་འགུལ་བྱེད་པ། མགོ་བོ་གཡོན་ཕྱོགས་སུ་བྱིངས་ནས་གཡོན་རྣ་ཕྲག་པ་གཡོན་པར་བཅར་ནས་ཅུང་ཙམ་འགོར་རྗེས་མགོ་བོ་ཕྱིར་རང་གནས་སུ་འབྱོར་བར་བྱེད་པ་དང་། དེ་བཞིན་དུ་མགོ་བོ་གཡས་ཕྱོགས་སུ་བྱིངས་ནས་གཡས་རྣ་ཕྲག་པ་གཡས་པར་བཅར་ནས་ཅུང་ཙམ་འགོར་རྗེས་སླར་ཡང་མགོ་བོ་ཕྱིར་རང་གནས་སུ་འབྱོར་བར་བྱེད་དགོས།

རླབས་དབྱིབས་བརྐྱང་བསྐུམ་བྱེད་པ། མ་མགལ་མར་སྒུར་བ་དང་སྔུན་ལ་བསྲིངས་ནས་རྦ་རླབས་འཕྱུར་བ་ལྟ་བུའི་བརྐྱང་བསྐུམ་བྱེད་དགོས། བྱ་སྤྱོད་དེའི་རིགས་སྤེལ་བའི་སྐབས་སུ་མ་མགལ་བྲང་ཁར་བཅར་གང་ཐུབ་བྱེད་པ་དང་། དཔུང་པ་གཉིས་ཡར་འགྱོག་པ་དང་བྲང་ཁ་ཡར་དགྱེ་རྗེས། སྔུན་གཞུག་དང་གོང་འོག་ལྟར་དལ་མོར་འགུལ་སྐྱོད་བྱེད་དགོས། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།