ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་བཙས་རྗེས་འགུལ་སྐྱོད་བྱེད་སྐབས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱིས་པ་བཙས་རྗེས་ཀྱི་འགུལ་སྐྱོད་བྱེད་སྟངས་ལ་མི་འདྲ་བ་སྣ་ཚོགས་ཡོད་པ་སྟེ།གཤག་བཅོས་བྱེད་མ་དགོས་པར་བྱིས་པ་སྐྱེས་པ་ཡིན་ན་སྐྱེ་ལམ་དང་མཚང་ཁོག་ཇེ་དམ་དུ་གཏོང་བའི་འགུལ་སྐྱོད་བྱེད་པ་དང་། གཤག་བཅོས་བྱས་ནས་བྱིས་པ་སྐྱེས་པ་ཡིན་ན་གསུས་ངོས་དང་གསུས་ཁོག་གི་ཤ་གནད་ལ་འགུལ་སྐྱོད་བྱེད་དགོས། བྱིས་པ་སྐྱེ་སྐབས་གཤག་བཅོས་བྱས་མིན་གང་ཡིན་རུང་འགུལ་སྐྱོད་བྱས་ནས་གསུས་ཤ་ཇེ་དམ་དུ་གཏོང་དགོས་ལ། ལུས་པོ་རྐྱོང་སྐུམ་བྱེད་དུས་ཚད་ལས་བརྒལ་ན་རྨ་ཁ་སླར་གསོ་ཡོང་དཀའ་བ་ཡིད་ལ་འཇགས་དགོས།

རུས་ཚིགས་མང་པོ་དལ་གྱིས་འགུལ་སྐྱོད་བྱེད་པ་ནས་མགོ་བརྩམ་དགོས། བྱིས་པ་བཙས་རྗེས་ཀྱི་ཟླ་དྲུག་གི་ནང་དུ་རུས་ཚིགས་མང་པོ་དལ་གྱིས་འགུལ་སྐྱོད་བྱེད་པ་ལས། ཁ་སྦུབ་ཏུ་ལོག་པ་དང་། བྲང་ཁོག་དང་པུས་མོ་སོགས་ཐད་ཀར་ས་ལ་གླན་ནས་འགུལ་སྐྱོད་བྱེད་མི་རུང་བ་དང་།རུས་ཚིགས་ལ་བརྟེན་ནས་འགུལ་སྐྱོད་དང་ཡང་ན་འགུལ་སྐྱོད་ཚད་ལས་བརྒལ་བ་བྱེད་མི་རུང་། དཔེར་ན་མཆོང་ལྡིང་བྱེད་པ་སོགས་ལ་མཉམ་འཇོག་བྱས་ཏེ་རུས་ཚིགས་སྲུང་སྐྱོང་བྱེད་པར་དོ་སྣང་བྱེད་དགོས།

གོ་རིམ་ལྡན་པའི་སྒོ་ནས་འགུལ་སྐྱོད་བྱེད་ཚད་ཇེ་མང་དུ་གཏོང་དགོས། བྱིས་པ་བཙས་རྗེས་འགུལ་སྐྱོད་ཚད་དང་རན་པ་བྱེད་དགོས། འགུལ་སྐྱོད་བྱེད་ཚད་ཇེ་མང་དུ་གཏོང་སྐབས་ཕུང་བོའི་གནས་སྟངས་ལ་མཉམ་འཇོག་བྱེད་པ་དང་། བྱིས་པ་སྐྱེས་ནས་མངལ་ཁྲག་འཛར་གྱིན་མེད་ན་ཉིན2ནས3གྱི་ནང་དུ་མལ་ཁྲི་ལས་སར་བབས་ནས་འགུལ་སྐྱོད་བྱེད་པ་དང་། ཉིན3ནས5ཡི་ནང་དུ་མཚང་རུས་ཇེ་དམ་དུ་གཏོང་བའི་འགུལ་སྐྱོད་བྱེད་པ། དེ་ནས་གཟའ་འཁོར་གཉིས་འགོར་རྗེས་རྐྱོང་སྐུམ་གྱི་འགུལ་སྐྱོད་བྱེད་ཆོག གཤག་བཅོས་བྱས་ནས་བྱིས་པ་སྐྱེས་པ་ཡིན་ན། རྨ་ཁ་སངས་དྲག་བྱུང་མིན་གྱི་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས། སྤྱིར་བཏང་དུ་བྱིས་པ་སྐྱེས་ནས་ཟླ་གཅིག་འགོར་རྗེས་རྐྱོང་སྐུམ་གྱི་འགུལ་སྐྱོད་བྱེད་པ་དང་གཟའ་འཁོར་དྲུག་གི་རྗེས་ནས་གསུས་ཤ་སྦྱོང་རྡར་བྱེད་ཆོག

འགུལ་སྐྱོད་མ་བྱས་པའི་སྔོན་ལ་བྱིས་པར་ནུ་མ་ལྡུད་དགོས། འགུལ་སྐྱོད་མ་བྱས་པའི་སྔོན་ལ་བྱིས་པར་ནུ་མ་ལྡུད་དགོས་དོན་ནི། འགུལ་སྐྱོད་བྱས་རྗེས་འོ་སྐྱུར་མང་པོ་ཐོན་ཀྱིན་ཡོད་པས་འོ་མའི་སྤུས་ཚད་ལ་ངན་ཤུགས་ཐེབས་པ་རེད། གལ་ཏེ་འགུལ་སྐྱོད་བྱས་རྗེས་བྱིས་པར་ནུ་མ་ལྡུད་ན་དུས་ཚོད3ནས4འགོར་དགོས།

བྱིས་པ་བཙས་རྗེས་སྐྱེས་ལུས་ཇེ་ཡག་ཏུ་གཏོང་བར་སྔ་དྲགས་མི་རུང་། སྤྱིར་བཏང་དུ་བྱིས་པ་བཙས་རྗེས་གཟའ་འཁོར6ནས8ཀྱི་རྗེས་སུ་ཚོ་བྱང་དུ་འཇུག་པའི་འཆར་གཞི་བཟོས་ཆོག བྱིས་པ་བཙས་རྗེས་དུས་ཚོད་ངེས་ཅན་ནང་ལུས་ཕུང་སླར་གསོ་བྱུང་དུ་བཅུག་ན་འོ་མའི་སྤུས་ཚད་ལའང་ཁག་ཐེག་བྱེད་ཐུབ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།