ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལོན་རྣམས་ཀྱི་ལུས་ཁམས་བདེ་སྲུང་དང་འཚམ་པའི་འཕུར་མཉེད་བྱེད་ཐབས་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཕུར་མཉེད་ནི་ཀྲུང་ལུགས་གསོ་བ་རིག་པའི་ཕྱི་བཅོས་ཁྲོད་སྟབས་བདེ་ཞིང་ལུས་པོའི་བདེ་ཐང་ལ་ཕན་འབྲས་མཐོ་བའི་བྱེད་ཐབས་ཤིག་ཡིན། ཀྲུང་ལུགས་གསོ་བ་རིག་པའི་རྨང་གཞིའི་གཞུང་ལུགས་ཀྱི་མཛུབ་སྟོན་འོག ལག་པ་གཉིས་ཕུང་བོའི་སྣེ་གང་རུང་ཞིག་གམ་གསང་མིག་སྟེང་བཞག་ནས་འཕུར་མཉེད་བྱེད་པ་དང་། རྡེབ་པ་སོགས་བྱས་ན་ཁྲག་རྒྱུན་འཁོར་སྐྱོད་བྱེད་པར་སྐུལ་འདེད་དང་། འཇུ་སྟོབས་ཇེ་ལེགས། རིམས་འགོག་ནུས་པ་ཇེ་མཐོར་བཅས་སུ་གཏོང་ཐུབ།

སྲིན་ཁུང་འཕུར་མཉེད་བྱེད་པ། སྲིན་ཁུང་འཕུར་མཉེད་བྱས་ན་རྣམ་རིག་གསལ་ཞིང་མགོ་ན་བ་ཇེ་ཡང་དུ་གཏོང་ཐུབ། ལག་པ་གཉིས་ཀྱི་མཐེ་བོང་དང་དཀྱིལ་མཛུབ་སོ་སོར་དབྱེ་ནས་སྲིན་ཁུང་གི་ཕྱོགས་གཉིས་སུ། དུས་ཡུན་སྐར་ཆ30རིང་ལ་འཕུར་མཉེད་ཡང་མོ་བྱེད་དགོས། འཕུར་མཉེད་བྱེད་ཐེངས་ནི་མི་སྒེར་རང་ཉིད་ཀྱི་ཁམས་དང་བསྟུན་ཆོག་ལ། ཤེད་ཤུགས་ཚད་དང་རན་པོ་ཡིན་དགོས།

ཀླད་པའི་རྒྱབ་ཀྱི་ལྟག་རུས་རྡུང་བ། ལག་མཐིལ་གྱིས་རྣ་བ་བཀབ་རྗེས། ལག་པ་གཉིས་ཀྱི་གོང་མཛུབ་དང་དཀྱིལ་མཛུབ་དང་སྲིན་མཛུབ་བཅས་ཀྱིས་སོ་སོར་ཀླད་པའི་རྒྱབ་ཀྱི་ལྟག་རུས་ཡང་མོས་རྡུང་ཞིང་། ཉིན་རེའི་དགོང་མོ་ཡང་དང་བསྐྱར་དུ་ཐེངས64ལ་བརྡུངས་པའམ་ཡང་ན་ནངས་དགོང་གཉིས་ཀར་ཐེངས32རེ་བརྡུངས་ནས་རྒྱུན་འཁྱོངས་བྱས་ན། མགོ་ཡུ་འཁོར་བ་དང་རྣ་འུར་བ། རྣ་འོན་པ། རྣ་བར་ནད་འབྱུང་བ་སོགས་ཀྱི་ནད་རྟགས་སྔོན་འགོག་བྱེད་ཐུབ། དགོང་མོ་མ་གཉིད་གོང་དེ་ལྟར་བརྡུངས་ན་གཉིད་ཁུགས་པར་ཕན་པ་ཡོད། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།