རྒན་པའི་ཧོན་ལོག་ནད་སྔོན་འགོག་བྱེད་པའི་འགུལ་སྐྱོད་རིགས་གང་དག་ཡོད།

མགོ་བོ་འགུལ་བ། སྒལ་རུས་འཕར་རྩའི་འཁོར་སྐྱོད་རྒྱུན་ལྡན་མིན་པའི་རྒན་པར་མཚོན་ན། མགོ་དང་མཇིང་པ་གཡས་འཁོར་གཡོན་འཁོར་བྱས་ན། སྐེ་ཚིགས་ན་བ་ལ་ཕན་པར་མ་ཟད། ད་དུང་ཀླད་པའི་འཕར་རྩ་སྲ་འགྱུར་དང་ཧོན་ལོག་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ། མགོ་བོ་འགུལ་སྐྱོད་བྱེད་དུས་སྔོན་ལ་དལ་བའི་རང་བཞིན་གྱིས་མཇིང་པ་གཡས་ཕྱོགས་སུ་སྐོར་བ100རྒྱག་པ་དང་། དེ་ནས་གཡོན་ཕྱོགས་སུ་སྐོར་བ100བརྒྱབ་ནས་འགུལ་སྐྱོད་བྱེད་དགོས། འགུལ་སྐྱོད་འདིའི་རིགས་ནི་ག་ས་གང་དུ་བྱེད་ཆོག་པར་མ་ཟད་སྟབས་བདེ་ལ་ཕན་འབྲས་ཀྱང་མཐོ་བ་ཞིག་ཡིན་ནོ།

མཛུབ་མོ་འགུལ་བ། མཛུབ་མོ་འགུལ་སྐྱོད་བྱས་ན་ཀླད་ཆེན་གྱི་ཁྲག་རྒྱུན་འཁོར་སྐྱོད་བྱེད་ཚད་རྒྱ་བསྐྱེད་ཐུབ་པ་དང་། ཁྲག་རྒྱུན་འཁོར་སྐྱོད་ལ་སྐུལ་འདེད་གཏོང་ཐུབ། ལག་པ་གཡས་པའི་མཐེ་བོང་དང་གཡོན་པའི་གོང་མཛུབ་གཉིས་རེག་ཐུག་བྱེད་པ་དང་། ལག་པ་གཡས་ཀྱི་གོང་མཛུབ་དང་གཡོན་གྱི་མཐེ་བོང་གཉིས་རེག་ཐུག་བྱེད་དུ་བཅུག་ནས། དལ་བ་ནས་མགྱོགས་པོར་ལག་པ་གཉིས་ཀྱི་མཛུབ་མོ་ཡོངས་སྣོལ་མར་འགུལ་སྐྱོད་བྱེད་ཅིང་། དེ་ནས་ལག་པ་གཡས་པའི་མཐེ་བོང་དང་གཡོན་པའི་དཀྱིལ་མཛུབ། གཡོན་པའི་མཐེ་བོང་དང་གཡས་པའི་དཀྱིལ་མཛུབ་གོང་བཞིན་དུ་ཕན་ཚུན་སྣོལ་མར་འགུལ་སྐྱོད་བྱེད་པ་དང་། དེ་ལྟར་མཛུབ་མོ་རྣམས་རེ་རེ་བཞིན་བརྗེ་སྤེལ་གྱིས་འགུལ་སྐྱོད་བྱེད་དགོས། དེ་མིན། རི་མོ་འདྲ་བཟོ་དང་ཡི་གེ་འབྲི་བ་སོགས་ལ་འབད་ན་རྒན་པའི་ཧོན་ལོག་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ།

མགྱོགས་མོར་འགྲོ་བ། རྒན་པ་རྣམས་ཉིན་རེའི་ཞོགས་པ་དང་དགོང་མོར་མཁའ་དབུགས་གཙང་མ་ཡིན་པའི་ས་ཆ་རུ་གོམ་པ་མགྱོགས་པོར་སྤོས་ནས་ལུས་སྦྱོང་བྱས་ན། མཁའ་དབུགས་འབྱིན་རྔུབ་བྱེད་ཚད་ཇེ་མཐོར་འགྲོ་བ་དང་། ཀླད་པའི་ཕྲ་ཕུང་ལ་ཤུགས་རྐྱེན་ཐེབས་པར་ཕན་པར་མ་ཟད། ད་དུང་ཀླད་ཆེན་གྱི་བྱེད་ནུས་ཇེ་ཞན་དུ་འགྲོ་བ་སྔོན་འགོག་བྱེད་ཐུབ།

ཞབས་བྲོ་འཁྲབ་པ། ཞིབ་འཇུག་ལས་ཤེས་པ་ལྟར་ན། བྲོ་འཁྲབ་པའི་དུས་མཚུངས་སུ་ཀླད་ཆེན་གྱི་དབང་རྩའི་བྱེད་ནུས་སྙོམ་སྒྲིག་བྱེད་པར་མ་ཟད། ལག་པ་དང་མིག་གཉིས་བར་གྱི་མཐུན་སྦྱོར་ནུས་པ་ཕན་འབྲས་མཐོ་བའི་སྒོ་ནས་སྦྱོང་བརྡར་བྱས་ན། མིའི་བློ་རིག་ཇེ་གསལ་དུ་འགྱུར་བར་ཕན།

ཆུར་རྐྱལ་བ། ཆུར་རྐྱལ་ན་ལུས་ཡོངས་ཀྱི་ཤ་གནད་འགུལ་སྐྱོད་བྱེད་ཐུབ་པར་མ་ཟད། ད་དུང་ལུས་ཚོ་བྱང་བར་ཕན། ཞིབ་འཇུག་ལས་མངོན་པ་ལྟར་ན། ཆུའི་ནང་དུ་ཐིམ་ཚད་གློ་སྙིང་གི་མཚམས་སུ་བྱས་ན་ཀླད་ཆེན་ནང་གི་ཁྲག་གི་འཁོར་སྐྱོད་ཇེ་དྲག་ཏུ་གཏོང་ཐུབ།

འབུད་རྡུང་དཀྲོལ་གསུམ་ལ་གོམས་ན་ལེགས། ཞིབ་འཇུག་བྱས་པ་ལྟར་ན། ལོ་ན་ཆུང་བའི་སྐབས་སུ་རོལ་དབྱངས་ལ་སྦྱངས་པའི་མི་རྣམས། ལོ་ན་རྒ་དུས་འཚོ་བ་རོལ་སྟངས་ཕུན་སུམ་ཚོགས་པ་རེད། འབུད་རྡུང་དཀྲོལ་གསུམ་གྱི་རོལ་ཆས་ཀྱིས་མིའི་ཤ་གནད་དང་དྲན་པའི་བྱེད་ནུས་ཇེ་དྲག་ཏུ་བཏང་ནས། རྐང་ལག་ལ་མཉེན་ལྕུག་ལྡན་པ་དང་དྲན་པ་ཉམས་པ་སྔོན་འགོག་བྱེད་ཐུབ། །  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།