ཀྲུང་གོ་བོད་ཀྱི་དྲ་བ།

​རྒན་པ་ཚོས་ཞོགས་སྦྱོང་བྱེད་དུས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞོགས་སྦྱོང་མ་བྱས་པའི་སྔོན་ལ་ཟས་བསྟེན་ནས་ལུས་སྟེང་གི་ཆུ་ཁ་གསབ་བྱེད་དགོས། རྒན་པ་ཚོས་ཞོགས་སྦྱོང་མ་བྱས་པའི་སྔོན་ལ་འོས་ཤིང་འཚམ་པའི་ཟ་མ་བསྟེན་དགོས་པ་དང་། ལྷག་པར་དུ་གཅོང་ནད་ཡོད་པའི་རྒན་པ་ཚོས་མཉམ་འཇོག་གང་ལེགས་བྱེད་དགོས། ཞོགས་པའི་དུས་སུ། ལུས་ཕུང་གིས་མཚན་རིང་མོར་འཚོ་བཅུད་ལྡན་པའི་ཟས་རིགས་འཇིབ་ལེན་བྱས་ཏེ་ལུས་པོའི་རྙིང་ཚབ་གསར་བརྗེ་བྱེད་ཚད་ཆེས་དམའ་བའི་དུས་རིམ་དུ་ཡོད་པས། འགུལ་སྐྱོད་མ་བྱས་པའི་སྔོན་ལ་འོས་ཤིང་འཚམ་པའི་ཟས་རིགས་མ་བསྟེན་ན་ཀླད་རྙིང་ཁྲག་རྩའི་ནད་འབྱུང་སླ་བ་རེད། ཡིན་ཡང་ཟ་མ་མང་པོ་བཟའ་མི་རུང་བར། འགུལ་སྐྱོད་བྱེད་པའི་སྐབས་སུ་ཕུང་བོའི་རྩ་རྒྱུ་སོ་སོར་ཁྲག་འདོན་སྤྲོད་བྱེད་ཚད་མི་འདང་བར་བྱོལ་དགོས། སྙིང་ཁམས་ཁྲག་རྩའི་ནད་དང་ཁྲག་ཤེད་མཐོ་བའི་ནད་པས་ཞོགས་སྦྱོང་མ་བྱས་པའི་སྔོན་ལ་ཁྲག་ཤེད་མར་འབབ་པའི་སྨན་འཐུང་དགོས།

ཉི་མ་ཤར་རྗེས་ཞོགས་སྦྱོང་བྱེད་དགོས། མཚན་ལམ་རིང་མོའི་དུས་ཚོད་ནང་མི་གཙང་བའི་དངོས་པོ་དག་མཁའ་དབུགས་ཁྲོད་འདུས་ཚད་ཅུང་ཆེ་བས། མི་གཙང་བའི་མཁའ་དབུགས་འབྱིན་རྔུབ་བྱས་ན་མིའི་ལུས་པོར་གནོད་པར་མ་ཟད། ཞོགས་པའི་དུས་སུ་གནམ་གཤིས་གྲང་མོ་ཡིན་པས་རྒན་པ་རྣམས་ལ་ཆམ་ནད་ཕོག་སླ། དེ་མིན་གཅོང་ནད་ཕོག་ཡོད་པའི་རྒན་པོའི་རིགས་ལ་ནད་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཆེ། དེ་བས་ཉི་མ་ཤར་རྗེས་ཞོགས་སྦྱོང་བྱེད་པ་ནི་ཆེས་ལེགས་པའི་དུས་ཚོད་ཡིན་ལ། ཉི་འོད་སྐྱེ་དངོས་སྟེང་ཕོག་རྗེས་ལྟོས་བཅས་ཀྱིས་མཁའ་དབུགས་གཙང་མར་གྱུར་ཡོད་པས། མི་གཙང་བའི་དངོས་པོ་མཁའ་དབུགས་ནང་ཁྱབ་དཀའ་བ་རེད། དེ་ལྟ་བུའི་གནས་ཚུལ་འོག་ཞོགས་སྦྱོང་བྱས་ན་མིའི་ལུས་པོའི་རྙིང་ཚབ་གསར་བརྗེ་ལ་འཚམ་པ་ཡིན། ཕྱི་རོལ་དུ་དུས་ཚོད་ཕྱེད་ཀའི་རིང་ལུས་སྦྱོང་བྱས་ན་ལུས་པོ་བདེ་ཐང་ཡོང་བར་ཕན་ཞིང་། རྒན་པོའི་རིགས་ཀྱིས་ཞོགས་སྦྱོང་དུས་ཚོད་སྐར་མ20ནས30བར་ཚོད་འཛིན་བྱས་ན་ཆེས་ལེགས་ཤིང་། ལུས་སྦྱོང་བྱེད་པའི་སྐབས་སུ་ལུས་སྟེང་གི་ཤ་གནད་རྐྱོང་སྐུམ་ལ་མཉམ་འཇོག་གང་ལེགས་བྱེད་པ་དང་། དལ་མོར་འགྲོ་བ་དང་ཐའེ་ཅི་དྲག་རྩལ་སོགས་སྦྱངས་ན་ལུས་པོའི་ཤ་གནད་དང་དབང་བོའི་བརྟན་འཇགས་རང་བཞིན་རྒྱུན་བསྐྱངས་ཐུབ་པར་ཕན་པ་ཡོད།

རྒན་པོའི་ལུས་ཀྱི་རྙིང་ཚབ་གསར་བརྗེ་དལ་ཞིང་། ཞོགས་པར་ཁྲག་གི་འཁོར་སྐྱོད་ལྟོས་བཅས་ཀྱིས་ཅུང་དལ་བས། ཁྲག་ཤེད་དང་ལུས་དྲོད་ཇེ་དམའ་རུ་སོང་ཡོད། དེ་བས་ཞོགས་སྦྱོང་མ་བྱས་པའི་སྔོན་ལ་འོ་མ་དང་སྒོ་ངའི་ཁུ་བ་སོགས་བསྐོལ་ནས་འཐུང་ན་ལུས་སྟེང་དུ་ཆུ་ཁ་གསབ་བྱེད་ཐུབ་པ་དང་། ལུས་དྲོད་རྒྱས་པ་དང་ཁྲག་རྒྱུན་འཁོར་སྐྱོད་བྱེད་པ་བཅས་ལ་ཕན་པ་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།