ཀྲུང་གོ་བོད་ཀྱི་དྲ་བ།

​ལུས་སེམས་གསོ་བའི་གོམས་གཤིས་ཡག་པོ་འགའ།

ཡོང་ཁུངས། : སེམས་ཀྱི་ཞིང་ཁམས།     སྤེལ་དུས། : 2020-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མིའི་མི་ཚེ་ནི་ཞི་མའི་ཨ་སྟོང་འདྲ་ཞིང་མིག་ཡུད་ཙམ་ཞིག་ལ་ཉིན་གཅིག་གི་དུས་ཚོད་འདས་འགྲོ།  དེར་བརྟེན་ཚང་མས་གཟུགས་གཞི་བདེ་ཐང་དང་སྤྲོ་སྣང་ལྡན་པའི་སྒོ་ནས་ཉིན་གཅིག་གི་འཚོ་བ་བསྐྱལ་རྒྱུ་དེ་ཧ་ཅང་གལ་ཆེ།  འོ་ན་བདེ་ཐང་གི་ཆེད་དུ་ང་ཚོས་ཇི་ལྟར་བྱས་ན་ལེགས།

དགོང་མོ་སྔ་ཙམ་ཉལ་ན་བཟང་།

དགོང་མོ་ངལ་མི་གསོ་བའམ་མ་ཉལ་བར་མཚན་འཁྱོངས་བྱེད་པ་ནི་རང་གི་གཟུགས་པོར་མནར་གཅོད་གཏོང་བ་དང་གཉིས་སུ་མ་ཆིས། དེ་ནི་བདེ་ཐང་ལ་ཧ་ཅང་གནོད་ཆེ་བའི་བྱ་སྤྱོད་ཞིག་ཡིན་པས་ངེས་པར་དུ་གོམས་གཤིས་ངན་པ་དེ་བསྐྱུར་ནས་དགོང་མོ་སྔ་ཙམ་ཉལ་དགོས། དགོང་མོའི་ཆུ་ཚོད་༢༢:༠༠གོང་ལ་ཉལ་ན་གཟུགས་གཞི་བདེ་ཐང་ལ་ཕན་ཡོན་ཆེ།

ཆུ་མང་ཙམ་བཏུང་ན་བཟང་།

ཆུ་འཐུང་རྒྱུ་ནི་ཧ་ཅང་གལ་ཆེ། འོན་ཀྱང་ཁ་སྐོམས་ནས་མ་གཏོགས་བཏུང་བྱ་མི་འཐུང་བ་ནི་གོམ་གཤིས་བཟང་པོ་ཞིག་མིན།  བཏུང་བྱ་དུས་ཐོག་ཏུ་འཐུང་བ་དང་ཉིན་གཅིག་གི་ཚད་གཞི་ལྟར་འཐུང་བ་ནི་ཧ་ཅང་གལ་ཆེ། ལྷག་པར་དུ་ཞོགས་པ་ཆུ་དྲོན་མོ་ཕོར་པ་གང་བཏུང་ཚེ་ཕོ་བ་དང་རྒྱུ་ལག་གཙང་སེལ་ཐུབ་རྒྱུར་ནུས་པ་ཆེ་ལ་དགོང་མོ་མ་ཉལ་གོང་ཆུ་དྲོན་མོ་ཕོར་པ་གང་བཏུང་ན་ཁྲག་རྒྱུན་གཙང་སེལ་ཐུབ་རྒྱུར་ཡང་ནུས་པ་ལྡན་ཞིང་སྙིང་དང་ཀླད་པའི་ཁྲག་རྩ་འགག་རྒྱུར་སྔོན་འགོག་བྱ་ཐུབ།

ལུས་སྦྱོང་མང་ཙམ་བྱས་ན་བཟང་།

ལུས་སྦྱོང་བྱས་ན་ལུས་པོ་བདེ་ཞིང་ལུས་སྦྱོང་བྱས་ན་སེམས་པ་སྐྱིད། དེར་བརྟེན་ང་ཚོས་རྒྱུན་དུ་ལུས་སྦྱོང་ལ་བརྟེན་ནས་ལུས་སེམས་བདེ་ཐང་ཡོང་བ་བྱ་དགོས། ནམ་རྒྱུན་ལུས་སྦྱོང་མ་བྱས་པར་བསྡད་ན་གཟུགས་པོ་གོག་ཅིང་ནུས་ཤུགས་ཉམས་པ་མ་ཟད་མཇིང་ཚིག་དང་དཔུང་པ། སྐེད་ཚིག་སོགས་ལ་ངལ་དུབ་ཆེ་ཞིང་གནོད་ཚབས་ཆེ་བས་དུས་རྒྱུན་གོམ་བགྲོད་མང་ཙམ་བྱེད་པ་དང་འགུལ་བསྐྱོད་མང་ཙམ་བྱ་རྒྱུ་གལ་ཆེ།

ལྷོད་ཙམ་བྱས་ན་བཟང་།

འཚོ་བ་ནི་རྙོག་འཛིང་དང་དཀའ་ཚེགས་ཆེ་བས་རྒྱུན་དུ་ངལ་དུབ་ཉུང་ཙམ་དང་དལ་དལ་ལྷོད་ལྷོད་ངང་འཚོ་བ་སྐྱེལ་རྒྱུ་གལ་ཆེ། དུས་རྒྱུན་དོན་དག་ཆུང་ཙག་ལ་ཡང་སེམས་ཁྲལ་དང་དངངས་སྐྲག་བྱེད་པ་སོགས་ཀྱིས་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཆེ་བས་ང་ཚོས་ངེས་པར་དུ་སེམས་བག་ཡངས་པོ་དང་སྣང་བ་སྐྱིད་པོའི་ངང་ནས་སྡོད་ཐུབ་པ་བྱེད་དགོས།

ཤིང་ཏོག་དང་ཚལ་རིགས་མང་ཙམ་བཟའ་དགོས། 

ཚལ་རིགས་མང་ཙམ་བཟས་ན་སྙིང་དང་ཀླད་པའི་ཁྲག་རྩ་དང་སྐྲན་ནད་སོགས་འགོག་སྲུང་བྱ་རྒྱུར་ཕན་ནུས་ཆེ། དེར་བརྟེན་ཉིན་ལྟར་ཉུང་མཐར་ཡང་ལུས་པོའི་ནང་ཚལ་གྱི་རིགས་ཁེ་༣༠༠ཙམ་མཁོ་སྤྲོད་ཐུབ་པ་བྱ་དགོས།  དེ་ཡང་རབ་བྱུང་ན་སྔོ་ཚལ་སོས་པའི་རིགས་སྣ་ཚོགས་མཆོད་རྒྱུ་གལ་ཆེ།  མ་ཟད་ཉིན་ལྟར་ཤིང་ཏོག་རིགས་མི་འདྲ་བ་གཅིག་ནས་གཉིས་བར་རྒྱུན་འཁྱོངས་བྱས་ནས་བཟས་ན་ལེགས།

ཚིལ་སྣུམ་དང་ཚྭའི་རིགས་ཉུང་ཙམ་བཟའ་དགོས། 

ཟས་རིགས་ལ་ཚྭ་མང་དྲགས་ན་མཁལ་མར་གནོན་ཤུགས་ཆེན་པོ་བཟོ་སྲིད་ལ་ཁའི་ནང་གི་རྩི་པགས་ནུས་པ་ཉམས་ཞན་དུ་གྱུར་ནས་ཆམས་རིམས་སོགས་ཀྱི་ནད་དུག་ཁག་དབུགས་ལམ་ཐོག་ཏུ་འགོས་སླ་བ་དང་མཆེད་སླ་པོ་ཡོད། ཚྭ་མང་པོ་བཟས་ན་ད་དུང་ཁྲག་ཤེད་མཐོ་བའི་ནད་སློང་བར་བྱེད། བཟའ་སྣུམ་འདེམས་དུས་བཟའ་སྣུམ་གྱི་རྒྱུ་ཆར་དང་དོད་ཆེན་པོ་བྱ་དགོས་ལ་རབ་བྱུང་ན་རྟག་ཏུ་བཟའ་སྣུམ་གྱི་རིགས་བརྗེ་པོ་བརྒྱབ་ནས་བེད་སྤྱོད་བྱ་དགོས། ཚད་གཞི་ལྟར་ན་མི་རེའི་ཉིན་རེའི་བཟའ་སྣུམ་གྱི་ཚད་གཞི་ཧའོ་ཧྲེང་༢༥ ལས་འགལ་མི་རུང་།

ཟས་རིགས་ཚ་ཐོག་བཟས་ན་བཟང་།

དུས་རྒྱུན་ཁ་ལག་གྲང་མོ་དང་རྗེན་པའི་རིགས་མང་པོ་བཟས་ན་མཚེར་པ་དང་ཕོ་བ་སོགས་འཇུ་བྱེད་མ་ལག་གི་ནུས་པ་ཉམས་ཞན་དུ་གྱུར་ནས་གནོད་ཚབས་ཆེ། དེར་བརྟེན་ཟས་རིགས་གྲང་མོ་དང་རྗེན་པའི་རིགས་ལ་འཛེམས་ཟོན་བྱ་དགོས་ལ་དགུན་ཁར་དེའི་རིགས་དེ་བས་བཟའ་མི་རུང་།

དགའ་ཕྱོགས་མང་ཙམ་ཡོད་ན་ལེགས།

ཁྱེད་ཀྱིས་བྱ་འདོད་པའི་ལས་ཀ་མང་ཙམ་བྱེད་པའམ་དགའ་ཕྱོགས་རྒྱ་ཆེ་ཙམ་ལྡན་ན་འཚོ་བ་སྔར་བས་སྤྲོ་སྣང་ལྡན་པར་གྱུར་ཐུབ། ནམ་རྒྱུན་ཁོམ་པ་ཡོད་དུས་དཔེ་དེབ་བལྟ་བ་དང་གླུ་དབྱངས་ཉན་པ། ལུས་སྦྱོང་བྱེད་པ། བྲོ་གར་འཁྲབ་པ་སོགས་བྱས་ན་ཁྱེད་ཀྱི་ལུས་པོ་བདེ་ཐང་དང་ཡིད་སེམས་ལ་སྤྲོ་བ་སྟེར་ཐུབ་ལ་དེ་བས་འཚོ་བར་སྔར་བས་དགའ་ཞེན་དང་མི་ཚེའི་རིན་ཐང་སྔར་བས་དོན་སྙིང་ལྡན་པར་གྱུར་ཐུབ། 

སེམས་བག་ཡངས་པོས་ལས་དོན་སྒྲུབས། 

འཚོ་བའི་ཁྲོད་སེམས་སྡུག་དང་སྐྱོ་སྣང་། སེམས་ཁྲལ་སོགས་ཅི་ཡང་ཡོང་སྲིད་པས་ངེས་པར་དུ་སེམས་བག་ཡངས་པོ་དང་སྣང་པ་སྐྱིད་པོ་ཞིག་གི་སྒོ་ནས་འཚོ་བ་སྐྱེལ་ཐུབ་པ་དགོས། དེ་ལྟར་བྱུང་ཚེ་དེ་དག་ཐམས་ཅད་རྣ་རྒྱབ་ཀྱི་ལྷག་པར་གྱུར་ནས་དཀའ་ངལ་དེ་དག་ལས་རྣམ་པར་རྒྱལ་ཐུབ། དེར་བརྟེན་ཛ་དྲག་ཆེ་བའི་གནས་ཚུལ་གང་ཞིག་འཕྲད་ཀྱང་ཐོག་མར་སེམས་རྣལ་དུ་ཕབ་ནས་དོན་དེར་དབྱེ་ཞིབ་ཡག་པོ་བྱ་དགོས་ལ་མཐོང་མི་འདོད་པའམ་ཁོང་ཁྲོ་ལངས་བའི་གནས་ཚུལ་གང་ཞིག་འཕྲད་ཀྱང་ངེས་པར་དུ་སེམས་མནན་ནས་ཁོང་ཁྲོ་མི་བྱེད་པར་ཞི་ཞིང་དུལ་བའི་སྒོ་ནས་ཐག་གཅོད་བྱ་ཐུབ་པ་དགོས།

དགའ་སྤྲོའི་ངང་ནས་ཉིན་མོ་སྐྱོལ།

བཞིན་རས་ཀྱི་འཛུམ་མདངས་ནི་ལུས་སེམས་བདེ་ཐང་གི་མངོན་ཚུལ་ཞིག་ཡིན། དགའ་སྤྲོའི་འཛུམ་མདངས་ནི་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་སྨན་མཆོག་ཞིག་ཡིན་ལ་དེ་ནི་འགྲོ་གྲོན་ཆུང་ཤོས་ཀྱི་ཐོག་ནས་བདེ་སྲུང་བྱས་པ་ཞིག་ཡིན། འཛུམ་དམུལ་དམུལ་བྱེད་པའམ་གད་མོ་ཆེན་པོ་དགོད་ཀྱང་རུང་ཚང་མས་ལུས་སེམས་གསོ་ཐུབ། དོན་སྙིང་ལྡན་པའི་མི་ཚེ་ནི་ཕུན་སུམ་ཚོགས་པའི་འཚོ་བའི་ཁྲོད་ནས་བྱུང་བ་ཞིག་དང་འཚོ་བའི་ཁྲོད་ཀྱི་འཛུམ་མདངས་རེ་རེ་ལས་མི་ཚེའི་དོན་སྙིང་མཚོན་ཐུབ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།