ཀྲུང་གོ་བོད་ཀྱི་དྲ་བ།

ལུས་སྦྱོང་ཚད་ལས་བརྒལ་བའི་ཉེན་ཁ་ཤེས་པར་བྱ་དགོས།

ཡོང་ཁུངས། : སེམས་ཀྱི་ཞིང་ཁམས།     སྤེལ་དུས། : 2020-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལུས་སྦྱོང་བྱས་ན་མིའི་གཟུགས་པོ་དང་སེམས་ཁམས་བདེ་ཐང་ལ་ཕན་པ་ཆེན་པོ་ཡོད། འོན་ཀྱང་གལ་ཏེ་ཚད་ལས་བརྒལ་ཚེ། གཟུགས་པོའི་བདེ་ཐང་ལ་ཕན་པ་མེད་པར་མ་ཟད། གནོད་ཚེ་ཡང་བཟོ་སྲིད།   ལུས་སྦྱོང་བྱེད་པའི་སྐབས་སུ། རྒྱུན་ལྡན་ཁ་སྐོམ་པ་དང་ལྟོགས་པ། གཉིད་བྲོ་བ།  ཐང་ཆད་པ། གྲང་ཤུར་ལངས་པ། ཚ་བ་རྒྱག་པ། སྦོས་པ། ན་ཟུག་རྒྱག་པ། སྦྲིད་པ་ལ་སོགས་ཀྱི་སྣང་ཚུལ་ཐོན་གྱིན་ཡོད་ལ། ལུས་སྦྱོང་ཚད་ལས་བརྒལ་ཚེ།  ཞེ་མེར་ལངས་པ་དང་བྲང་ཁོག་མི་བདེ་བ། དབུགས་ཧལ་བ། སེམས་འཚབ་པ། ཐང་ཆད་པ་སོགས་ཀྱི་སྣང་བ་ཤར་འོང་། ལུས་སྦྱོང་བྱེད་པའི་སྐབས་སུ་སྣང་ཚུལ་དེའི་རིགས་ཐོན་ཚེ་རྩ་བ་ནས་སྣང་མེད་བྱ་མི་རུང་། 

༡  ཁ་སྐོམ་པ་དང་སྐྱུགས་མེར་ལངས་པ།

འགུལ་སྐྱོད་བྱས་རྗེས་ཁ་སྐོམ་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། འོན་ཀྱང་ཆུ་མང་པོ་འཐུང་ཡང་། ད་དུང་ཁ་སྐོམ་པ་དང་གཅིན་གཏང་རྒྱུ་མང་པོ་ཡོད་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་མིན། དེ་ནི་ལུས་སྦྱོང་ཚད་ལས་བརྒལ་བའི་སྔ་ལྟས་ཡིན་པས། མྱུར་དུ་སྦྱོང་མཚམས་འཇོག་དགོས།  གལ་ཏེ་ངལ་གསོ་བརྒྱབ་རྗེས་ད་དུང་མ་དྲག་ཚེ་གཤེར་མའི་བྱེད་ནུས་ལ་ཞིབ་བཤེར་བརྟག་དཔྱད་བྱ་དགོས།

༢  ཧ་ཅང་ལྟོགས་པ། 

ལུས་སྦྱོང་དྲག་པོ་བྱས་རྗེས། གནས་སྐབས་སུ་ཡི་ག་མེད་པ་དང་། ངལ་གསོ་བརྒྱབ་རྗེས་ཡི་ག་ཇེ་བཟང་དུ་ཕྱིན་ན་དེ་ནི་རྒྱུན་ལྡན་ཞིག་ཡིན། གལ་ཏེ་ཡུན་རིང་ཁ་ལག་བཟའ་འདོད་མེད་ཚེ་དེ་ནི་རྒྱུན་ལྡན་ཞིག་མིན་པས། འཇུ་བྱེད་ནུས་པར་རྟག་དཔྱད་བྱ་དགོས།  ལུས་སྦྱོང་ཚར་རྗེས་ཡི་ག་ཇེ་ཆེར་སོང་བ་ནི་རྒྱུན་ལྡན་གྱི་ལུས་ཁམས་སྣང་ཚུལ་ཞིག་ཡིན། འོན་ཀྱང་ཟ་ཚད་མུ་མཐུད་དུ་ཇེ་ཆེར་སོང་ན་བརྟག་དབྱད་བྱ་དགོས། 

༣ མགོ་ཡུ་འཁོར་བ་དང་མིག་མི་གསལ་བ།

ལུས་སྦྱོང་བྱེད་པའི་སྐབས་སུ། སྤྱིར་བཏང་མགོ་ཡུ་འཁོར་བའི་ཚོར་སྣང་མེད། གལ་ཏེ་ཡུན་རིང་ངམ་དུས་ཡུན་ཐུང་ངུའི་རིང་མགོ་ཡུ་འཁོར་ན། དེ་ནི་སྙིང་དང་ཀླད་པར་ཁྲག་མཁོ་འདོན་བྱེད་དཀའ་བའི་བརྡ་རྟགས་ཤིག་ཡིན་པར་མ་ཟད།  སྙིང་གི་ཁྲག་རྩའི་མ་ལག་དང་མཇིང་ཚིགས་ལ་བརྟག་དཔྱད་བྱ་དགོས།

༤  མགོ་ན་བ་དང་སེམས་འཚབ་པ།

ལུས་རྩལ་གྱི་བྱེད་སྒོ་ཡོད་ཚད་ཀྱི་ཁྲོད་དམ། ཡང་ན་ལུས་སྦྱོང་ཚར་རྗེས་མགོ་ན་བའི་ཚོར་སྣང་བྱུང་ཚེ། མྱུར་དུ་ལུས་སྤྱོང་བྱེད་མཚམས་འཇོག་དགོས་པ་དང་། གཙོ་བོ་དབང་རྩ་དང་ཀླད་སྙིང་ཁྲག་རྩའི་མ་ལག་ལ་བརྟག་དཔྱད་བྱ་དགོས། 

༥  སེམས་ཁམས་ངལ་དུབ་ཆེ་བ།

དེ་ནི་མཁལ་ནུས་ཉམས་པའི་སྣང་ཚུལ་ཞིག་རེད།  མཆིན་པར་གནོད་འཚེ་ཐེབས་པའང་ཡིན་སྲིད།  མཆིན་པའི་ནད་གཞི་ཡོད་པའི་མིས་ལུས་སྦྱོང་མང་པོ་བྱ་རྒྱུ་མེད།  གལ་ཏེ་འགུལ་སྐྱོད་བྱེད་ཚད་ཉུང་རུ་བཏང་རྗེས་སྔར་བཞིན་ངལ་དུབ་ཀྱི་སྣང་བ་བྱུང་ཚེ། མཆིན་པ་དང་འཁོར་སྐྱོད་མ་ལག་ལ་བརྟག་དཔྱད་བྱ་དགོས། 

༦  རྐང་ལག་ལ་ཤུགས་མེད་པ། 

ལུས་སྦྱོང་ཚར་རྗེས་ལུས་ཤུགས་མེད་པ་དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། སྤྱིའི་ཆར་ལུས་སྦྱོང་ཚར་རྗེས་ཀྱི་སྐར་མ་བཅོ་ལྔའི་ཡས་མས་སུ་སླར་གསོ་བྱ་ཐུབ།  གལ་ཏེ་ཉིན་མང་པོར་སླར་གསོ་མ་ཐུབ་ཚེ།  མཚེར་པར་གནོད་འཚེ་ཕོག་པའི་ཉེན་ཁ་ཡོད།  དེ་དང་མཉམ་དུ་ཕོ་བ་སྦོས་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་ལུས་སྦྱོང་ཇེ་ཉུང་ལ་གཏང་དགོས། 

༧ དབུགས་ཧལ་བ་དང་དབུགས་འཚང་བ། 

དབུགས་ཧལ་བ་ནི་ལུས་སྦྱོང་བྱེད་སྐབས་ཀྱི་རྒྱུན་ལྡན་སྣང་ཚུལ་ཞིག་རེད།  ལུས་སྦྱོང་བྱེད་ཚད་མི་འདྲ་བ་དང་བསྟུན་ནས་དབུགས་ཧལ་ཚད་ཡང་མི་འདྲ་ཐོན་གྱིན་ཡོད། ངལ་གསོ་བརྒྱབ་རྗེས་སླར་སོས་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། གལ་ཏེ་འགུལ་སྐྱོད་ཅུང་ཟད་བྱས་པ་ཙམ་གྱིས་དབུགས་ཧལ་བར་མ་ཟད། ངལ་གསོ་ཡུན་རིང་བརྒྱབ་རུང་སླར་གསོ་བྱེད་མ་ཐུབ་ཚེ། གློ་བར་གནོད་འཚེ་ཕོག་པའི་ཉེན་ཁ་ཡོད་དེ། གློ་དབུགས་ལ་གནོད་འཚེ་ཕོག་ཚེ་དབུགས་ཧལ་ལ། གློ་དབུགས་མ་འདང་ཚེ་དབུགས་འཚང་གྱིན་ཡོད། གནས་ཚུལ་དེའི་རིགས་ཐོན་སྐབས་ལུས་སྦྱོང་བྱེད་མཚམས་འཇོག་དགོས་པ་དང་། དབུགས་ལམ་མ་ལག་ལ་བརྟག་དཔྱད་དང་སྨན་བཅོས་བྱ་དགོས།

༨  བྲང་ཁར་རྔུལ་ཆུ་མང་པོ་ཐོན་པ།

ལུས་སྦྱོང་བྱས་དྲགས་ན་བྲང་ཁར་རྔུལ་ཆུ་མང་པོ་བཞུར་བ་དང་དུས་མཚུངས་དབུགས་དཀའ་ཚེ།  སྙིང་ལ་ཤུགས་རྐྱེན་ཐེབས་པའི་རྟགས་མཚན་ཞིག་ཡིན་པས། ལུས་སྦྱོང་བྱེད་མཚམས་འཇོག་དགོས། 

༩  རུས་ཚིགས་ན་བ། 

གལ་ཏེ་རུས་ཚིགས་དང་རུས་ཚིགས་ཉེ་འཁོར་དུ་ན་ཟུག་གཏོང་བར་མ་ཟད། རུས་ཚིགས་ཀྱི་བྱེད་ནུས་ལ་འགོག་རྐྱེན་འཕྲད་ཚེ། རྒྱུས་པར་རྨས་སྐྱོན་ཕོག་པ་ཡིན་སྲིད། གཞན་ཡང་བུད་མེད་ཀྱི་གཟུགས་པོའི་ཤུགས་ཅུང་ཞན་པས། ལུས་སྦྱོང་བྱེད་སྐབས་པུས་མོར་རྨས་སྐྱོན་ཕོག་སླ།  དེ་བས་ལུས་སྦྱོང་མ་བྱས་གོང་གྲ་སྒྲིག་སྦྱོང་བརྡར་བྱ་རྒྱུ་དེ་ནི་ཧ་ཅང་གི་གལ་ཆེ། 

༡༠  ཤ་གནད་ན་བ། 

ཐོག་མར་ལུས་སྦྱོང་བྱེད་པའམ། ཡང་ན་ཡུན་རིང་པོར་ལུས་སྦྱོང་བྱེད་མཚམས་བཞག་ནས་ཡང་བསྐྱར་ལུས་སྦྱོང་བྱེད་པ་དང་། དེ་མིན་ལུས་སྦྱོང་བྱེད་སྟངས་སྒྱུར་བ་སོགས་ཀྱི་སྐབས་སུ་ཤ་གནད་རེ་འགར་ན་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན།  ནད་རྟགས་དེའི་རིགས་ཉིན་གཉིས་པར་ད་དུང་ཐོན་སྲིད་མོད། སྤྱིར་བཏང་ཉིན་གཉིས་ནས་གསུམ་ཡས་མས་སུ་མེད་པར་འགྱུར་སྲིད། གལ་ཏེ་ཤ་གནད་ཡུན་རིང་པོར་ན་ན། ལུས་སྦྱོང་ཚད་ལས་བརྒལ་ནས་བྱུང་བའི་ཤ་གནད་ཀྱི་མཉེན་པོའི་ཕུང་གྲུབ་ལ་རྨས་སྐྱོན་ཕོག་པའི་རྟགས་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།