ཀྲུང་གོ་བོད་ཀྱི་དྲ་བ།

ཁྲག་རྒྱུན་འཁོར་རྒྱུག་ལ་གནོད་པ་ཐེབས་པའི་བྱ་སྤྱོད་དྲུག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        ཁྲག་རྒྱུན་ནི་མིའི་ལུས་སྟེང་གི་འཚོ་བཅུད་དངོས་པོ་སྐྱེལ་འདྲེན་དང་རྙིང་ཚབ་གསར་བརྗེ་བྱེད་པའི་མཚམས་སྦྱོར་དངོས་པོ་གལ་ཆེན་ཞིག་ཡིན་པས།ཁྲག་རྒྱུན་འཁོར་རྒྱུག་ལེགས་པོ་བྱས་ན་ད་གཟོད་ལུས་པོ་བདེ་ཐང་ཡོང་ངེས་ཡིན།གལ་ཏེ་ལུས་སྟེང་གི་ཁྲག་རྒྱུན་འཁོར་རྒྱུག་ལེགས་པོ་བྱེད་མ་ཐུབ་ན།དབང་བོ་མང་པོ་ཞིག་ལ་གནོད་འཚེ་ཐེབས་སྲིད་པས།གཤམ་དུ་ཁྲག་རྒྱུན་འཁོར་རྒྱུག་ཡོང་བར་གནོད་པ་ཐེབས་པའི་བྱ་སྤྱོད་དྲུག་འདོན་རྒྱུ་སྟེ།

གཅིག འཚོ་བཅུད་ཀྱིས་མི་འདང་བ།བཟའ་བཏུང་ལུགས་མཐུན་སྤྱད་ན།ང་ཚོས་དེའི་ཁྲོད་ནས་འཚོ་བཅུད་དང་གཏེར་དངོས་སོགས་ཕུང་བོར་མཁོ་བའི་དངོས་པོ་མང་པོ་སྡུད་ལེན་བྱེད་ཐུབ།གལ་ཏེ་འཚོ་བཅུད་སྡུད་ལེན་བྱེད་པར་བཀག་རྐྱེན་ཐེབས་ན།འཚོ་བཅུད་ཀྱིས་མི་འདང་བའི་སྐྱོན་འབྱུང་བ་དང་།ལུས་སྟེང་དུ་འཚོ་བཅུད་ཀྱིས་མ་འདང་ན་ཁྲག་རྒྱུན་འཁོར་རྒྱུག་བྱེད་པར་གནོད་པ་ཚབས་ཆེན་བཟོ་བ་དང་།རིམས་འགོག་ནུས་པ་ཇེ་ཞན་དུ་འགྱུར་བ།ཁྲག་རྩ་ཉམས་ཞན་དུ་འགྱུར་བ།རིག་པ་གསལ་བོ་མིན་པ་སོགས་ཀྱི་གནས་ཚུལ་འབྱུང་བ་རེད།དེ་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ང་ཚོས་རྒྱས་བཟའ་རྒྱས་འཐུང་བྱེད་མི་རུང་ལ།ཟ་མར་ཞེན་པ་ལོག་པ་དང་གདམ་ག་བརྒྱག་མི་རུང་།

གཉིས། ཁྲག་ཧྭགས་མཐོ་བ།གཅིན་སྙི་ཟ་ཁུའི་ནད་པའི་ཁྲག་ཧྭགས་མཐོ་བའི་དབང་གིས།ཁྲག་རྒྱུན་གྱི་འབྱར་བག་ཚད་ཇེ་མཐོར་འགྲོ་ངེས་པས།ཁྲག་རྩའི་ནང་ངོས་སུ་གནོད་སྐྱོན་ཐེབས་སླ་ཞིང་།ཁྲག་རྩའི་ནང་ངོས་ཇེ་མཐུག་ཏུ་སོང་ནས།ཕྲ་ཕུང་དམར་པོ་མཉམ་དུ་འདུས་ཤིང་ཁྲག་པང་ལེབ་ཆུང་མང་པོ་ཁྲག་རྩའི་ནང་ངོས་སུ་འབྱར་ཏེ།མཇུག་མཐར་ཁྲག་རྡོག་ཆུང་ཆུང་དུ་གྱུར་ཏེ་ཁྲག་རྩ་འགག་པ་རེད།དེ་ལ་གསོ་བ་རིག་པའི་གཞུང་དུ“གཅིན་སྙི་ཟ་ཁུའི་ཁྲག་རྩ་ནད་འགྱུར”ཟེར།དེའི་གསོ་བཅོས་བྱེད་ཐབས་གཙོ་བོ་ནི་བཟའ་བཏུང་ལུགས་མཐུན་སྒོས་སྤྱོད་པ་དང་།ཆེད་ལས་སྨན་པའི་མཛུབ་སྟོན་འོག་ཁྲག་ཧྭགས་ལ་ཚོད་འཛིན་ནན་མོ་བྱེད་རྒྱུ་དེ་རེད།ཁྲག་རྩར་ནད་འགྱུར་ཡང་མོ་བྱུང་ཡོད་ན་ཁྲག་ཧྭགས་ལ་ཚོད་འཛིན་བྱས་པས་ལེགས་བསྒྱུར་བྱེད་ཐུབ་མོད།འོན་ཀྱང་ནད་འགྱུར་ལྗིད་མོ་ཅན་གྱིས་ཁྲག་ཧྭགས་ལ་ཚོད་འཛིན་བྱེད་པ་དང་མཉམ་དུ་ད་རུང་གཤགས་བཅོས་བྱེད་དགོས།

གསུམ། ལུས་སྦྱོང་མི་བྱེད་པ།ལུས་སྦྱོང་ལུགས་དང་མཐུན་པ་བྱས་ན་ཁྲག་རྩ་རྒྱས་ཏེ་ཁྲག་རླུང་གི་འདུས་ཚད་ཇེ་མཐོར་གཏོང་ཐུབ།ལས་ཚོགས་སུ་ཞུགས་མཁན་རྣམས་རྒྱུན་དུ་ཙོག་ཡུན་རིང་བ་དང་།རྒན་པ་རྣམས་འབོལ་ཁྲིའི་སྟེང་དུ་ལོག་ནས་བརྙན་འཕྲིན་ལ་ལྟ་རྒྱུར་དགའ་བས།ཁྲག་རྩའི་ནང་གི་ཁྲག་རླུང་འདུས་ཚད་ཇེ་དམའ་རུ་འགྲོ་བ་དང་ཁྲག་རྒྱུན་འཁོར་རྒྱུག་ཇེ་ཞན་དུ་འགྲོ་བ་རེད།རྒྱུན་མཐོང་གི་ནད་རྟགས་ནི་ངོ་མདངས་མི་ལེགས་པ་དང་རིམས་འགོག་ནུས་པ་ཞན་པ་དང་།ཚབས་ཆེ་ན་མགོ་སྐྲ་ལྷུང་བ་དང་ནད་རིགས་སྣ་ཚོགས་འབྱུང་བའི་གནས་ཚུལ་མངོན་སྲིད།དེ་བས་དུས་རྒྱུན་དུ་ཙོག་ཡུན་རིང་མི་རུང་ངོ། །

བཞི།ལུས་འབྱར་གྱོན་ཆས་གྱོན་པ།ལུས་འབྱར་གྱོན་ཆས་གྱོན་པ་ནི་དེང་སང་གི་ན་གཞོན་རྣམས་ཀྱི་དར་སྲོལ་ཞིག་ཏུ་གྱུར་ཡོད་མོད།འོན་ཀྱང་དུས་ཡུན་རིང་པོར་ལུས་འབྱར་གྱོན་ཆས་གྱོན་ན་ཁྲག་རྒྱུན་འཁོར་རྒྱུག་བྱེད་ཚད་ཇེ་དལ་དུ་འགྲོ་བ་དང་རྐང་ལག་སྦྲིད་པ།རུས་པའི་འཚར་ལོངས་ལ་གནོད་པ།དབང་རྩར་གནོད་འཚེ་ཐེབས་པ་སོགས་ཀྱི་ནད་རྟགས་སྣ་ཚོགས་འབྱུང་བས།ཁྱིམ་དུ་ལོག་རྗེས་མྱུར་དུ་གྱོན་པ་ལྷོད་ལྷོད་གྱོན་ནས།ཕུང་བོ་ལྷོད་གཡེང་དུ་གཏོང་དགོས།

ལྔ།ཐ་མག་འཐེན་པ།ཡུན་རིང་དུ་ཐ་མག་འཐེན་ན་ཁྲག་རྒྱུན་གྱི་ཁྲོད་དུ་དུག་ལྡན་དངོས་པོ་འབྱུང་ཞིང་།ཁྲག་རྩ་སྐུམ་འགྲོ་བས་ཁྲག་རྒྱུན་གྱི་འཁོར་རྒྱུག་ལ་གནོད་པ་ཆེན་པོ་ཐེབས་སྲིད།ཞིབ་འཇུག་ལས་མངོན་པ་ལྟར་ན།ཐ་མག་འཐེན་མཁན་ལ་འཁྱགས་སྦོས་འབྱུང་བའི་ཉེན་ཁ་ཡང་ཐ་མག་མི་འཐེན་པའི་མི་ལས་མཐོ་བ་རེད།དེས་ཐ་མག་འཐེན་ན་ཁྲག་རྒྱུན་འཁོར་རྒྱུག་ལ་གནོད་འཚེ་ཚབས་ཆེན་ཐེབས་ཀྱིན་པ་བདེན་དཔང་བྱས་ཡོད་པས།ཐ་མག་གཅོད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

དྲུག གནོན་ཤུགས་ཆེ་བ།དེང་རབས་ཀྱི་མིའི་འཚོ་བའི་གོམ་འགྲོས་མགྱོགས་ཤིང་།བྱ་བའི་ལས་ཚེགས་ལྗིད་པ་དང་།དུས་ཡུན་རིང་པོར་གནོན་ཤུགས་ཀྱི་འོག་ཏུ་གནས་ཡོད་པས།ལུས་སྟེང་གི་གསང་རྒྱུད་ཟགས་གཤེར་དོ་སྙོམ་ཡོང་དཀའ་ཞིང་།ཀུན་ཁྱབ་དབང་རྩར་ངར་ལངས་པ།ཁྲག་རྩ་སྐུམ་པ་དང་ཁྲག་རྒྱུན་འཁོར་རྒྱུག་ཇེ་དལ་དུ་འགྲོ་བ་སོགས་ཀྱི་དབང་གིས།བློ་རིག་གཅིག་ཏུ་སྒྲིམ་མི་ཐུབ་པ་དང་མགོ་ཡོམ་འཁོར་བ།མགོ་ན་བ།རྐང་ལག་འཁྱགས་པ་དང་སྦྲིད་པ།སེམས་འཚབ་པ་སོགས་ཀྱི་གནད་དོན་མང་པོ་འབྱུང་བ་རེད།སྐབས་དེར་ང་ཚོས་སེམས་ཁམས་ཀྱི་གནོན་ཤུགས་སྙོམ་སྒྲིག་བྱེད་དགོས་པ་སྟེ།གྲོགས་པོར་ཁ་བརྡ་བྱེད་པ་དང་ཡང་ན་ཕྱི་རོལ་དུ་འཆམ་འཆམ་ལ་འགྲོ་བ།དགོས་ངེས་ཀྱི་སྐབས་སུ་སེམས་ཁམས་སྟེང་གི་སྨན་པ་བཙལ་ནས་རོགས་སྐྱོར་བྱེད་དུ་འཇུག་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།