སྙིང་དང་ཁྲག་རྩའི་ནད་ཡོད་མཁན་གྱིས་ཞོགས་པར་དུས་ཐོག་ཏུ་ཆུ་འཐུང་དགོས།

     ཞོགས་པའི་དུས་ཚོད6པ་ནས9པའི་བར་ནི་ཀླད་སྙིང་ཁྲག་རྩའི་ནད་འབྱུང་ཚད་ཆེས་མཐོ་བའི་སྐབས་རེད། དེ་ནི་ལུས་པོས་ཞག་གང་པོར་དབུགས་འབྱིན་པ་དང་རྔུལ་ཆུ་བཞུར་བ་སོགས་ཀྱི་དབང་གིས་ཆུ་ཧའོ་ཧྲིན450ལྷག་ཕྱིར་ཕུད་ཡོད་ལ། དེའི་ཁར་དུས་ཚོད་འགའི་རིང་ལ་གཉིད་པའི་དབང་གིས་ལུས་པོ་འགུལ་སྐྱོད་གང་ཡང་བྱས་མེད་པས། ཁྲག་གི་འབྱར་བག་ཚད་ཇེ་མཐོར་སོང་སྟེ།ཁྲག་གི་འཁོར་རྒྱུག་ལ་བཀག་འགོག་ཐེབས་ཡོད། དེ་བས་ཀླད་སྙིང་ཁྲག་རྩའི་ནད་པ་དང་ཉེན་ཁ་མཐོ་བའི་མི་ཚོགས་ཀྱིས་ཞོགས་པར་མལ་ལས་ལངས་རྗེས་ཧའོ་ཧྲིན100ཡས་མས་ཀྱི་ཆུ་ཁོལ་དྲོད་འཇམ་འཐུང་དགོས་པ་དང་། ཉིན་དཀར་ཚ་དྲོད་མཐོ་ཞིང་འགུལ་སྐྱོད་བྱས་པའི་དབང་གིས་རྔུལ་ཆུ་མང་པོ་བཞུར་ནའང་དུས་ཐོག་ཏུ་ཆུ་ཁ་གསབ་བྱེད་དགོས། མཉམ་འཇོག་བྱེད་དགོས་པ་ཞིག་ནི། འཇུ་བྱེད་ནུས་པ་ཅུང་ཞན་པའི་ནད་པས་ལྟོ་སྟོང་དུ་ཆུ་འཐུང་ན། ཕོ་སྐྱུར་བཤལ་འགྲོ་བས་ཟས་རིགས་འཇུ་བར་མི་ཕན་པས། ཞོགས་ཟས་ལ་འབྲས་ཁུ་ལྟ་བུའི་འཇུ་སླ་ཞིང་ཆུ་མང་བའི་ཟས་རིགས་བསྟེན་ན་བཟང་ཞིང་།ཞོགས་ཟས་ཟོས་རྗེས་ཀྱི་དུས་ཚོད་ཕྱེད་ཀ་འགོར་རྗེས་ད་གཟོད་ཆུ་འཐུང་དགོས། དེ་ལྟར་བྱས་ན་ཟ་མ་ཟོས་རྗེས་ཁྲག་འབྱར་བག་ཅན་དུ་འགྱུར་ཚད་ཞི་ལྷོད་དུ་གཏོང་ཐུབ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།