ཨེ་ཙི་ནད་ནད་དུག་འགོས་པའི་བྱིས་པ་བཙས་རྗེས་ཀྱི་དུས་ཚོད་འགའ་ནས་ཉིན་འགའ་འགོར་རྗེས་སྨན་བཅོས་དང་ལེན་བྱས་ན། སྔར་ལས་ལྷག་པའི་སྒོ་ནས་ཁོ་ཚོའི་རིམས་འགོག་མ་ལག་གི་བྱེད་ནུས་ལ་སྲུང་སྐྱོབ་བྱེད་ཐུབ།

ཨ་རིའི་ཞིབ་འཇུག་གསར་བ་ཞིག་ལས་ཤེས་རྟོགས་བྱུང་བར། ཨེ་ཙི་ནད་ཀྱི་ནད་དུག་འགོས་པའི་བྱིས་པ་བཙས་རྗེས་ཀྱི་དུས་ཚོད་འགའ་ནས་ཉིན་འགའ་འགོར་རྗེས་སྨན་བཅོས་དང་ལེན་བྱས་ན། སྔར་ལས་ལྷག་པའི་སྒོ་ནས་ཁོ་ཚོའི་རིམས་འགོག་མ་ལག་གི་བྱེད་ནུས་ལ་སྲུང་སྐྱོབ་བྱེད་ཐུབ།

མིག་སྔར། ཨེ་ཙི་ནད་ཀྱི་ནད་དུག་འགོས་པའི་བྱིས་པར་དམིགས་པའི་སྨན་རྫས་ཀྱིས་གསོ་བཅོས་བྱེད་པ་ནི་སྤྱིར་བཏང་དུ་བྱིས་པ་བཙས་རྗེས་ཀྱི་གཟའ་འཁོར་འགའ་ནས་ཟླ་འགའ་འགོར་རྗེས་འགོ་བརྩམས་པ་ཡིན། 2010ལོར་ཨ་རིའི་སྨིས་ཞི་ཞི་པེ་མངའ་སྡེའི་ཨེ་ཙིའི་ནད་ཕོག་པའི་བུ་མོ་ཞིག་བཙས་རྗེས་ཀྱི་ཆུ་ཚོད་30འགོར་རྗེས་ལྡོག་ཕྱོགས་བརྒྱུད་འབེབ་ནད་དུག་འགོག་པའི་སྨན་རྫས་ཀྱི་སྨན་བཅོས་དང་ལེན་བྱས་པ་དང་། ཟླ་18རྗེས་རྐྱེན་དབང་གིས་མཚམས་ཆད་མོད། འོན་ཀྱང“ནུས་པ་རང་བཞིན་གྱི་དྲག་ཐབས”ཟླ་27རྒྱུན་འཁྱོངས་བྱས་པ་དང་དེ་རྗེས་ནད་གཞི་བསྐྱར་འཕར་བྱས་པ་རེད། ཨེ་ཙིའི་ནད་ཀྱི་“ནུས་པ་རང་བཞིན་གྱི་དྲག་ཐབས”ཞེས་པ་ནི་ནད་དུག་འགོས་མཁན་གྱིས་སྨན་བཅོས་བྱེད་མཚམས་བཞག་རྗེས་ཁྲག་ནང་ཨེ་ཙིའི་ནད་དུག་ཞིབ་དཔྱད་བྱེད་དཀའ་བར་ཟེར།

“སྨིས་ཞི་ཞི་པེའི་བུ་མོ་དམར་འབྱར”གྱིས་གསོ་རིག་ལས་རིགས་སུ་ཨེ་ཙི་ནད་དྲག་སྐྱེད་ཡོང་བའི་རེ་བ་མཐོང་དུ་བཅུག ཨ་རིའི་ཧ་ཧྥོ་སློབ་ཆེན་དང་མཱ་ཧྲིན་རྩིས་བཟོ་སློབ་ཆེན་སློབ་གླིང་གི་ཞིབ་འཇུག་མི་སྣས་དེའི་ཐད་ཞིབ་འཇུག་བྱས་པ་རེད། ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚོད་ཁ་ཤས་སམ་ཡང་ན་ཉིན་ཁ་ཤས་སོང་རྗེས་སྨན་བཅོས་དང་ལེན་བྱས་པའི་ཕྲུ་གུ་དམར་འབྱར་གྱི་ལུས་སྟེང་གི་ནད་དུག“སྦས་གནས”ཀྱི་གྲངས་འབོར་དེ་བས་ཉུང་བ་དང་ཁོང་ཚོའི་རིམས་འགོག་མ་ལག་གི་འགག་རྩའི་ནུས་པ་ཁག་གཅིག་ཀྱང་དེ་བས་བདེ་ཐང་ཡིན་པ་རེད།

མི་ལ་ཨེ་ཙི་ནད་འགོས་ཚེ་མྱུར་དུ་ནད་དུག་གི་མཛོད་དུ་འགྱུར་སྲིད། ནད་དུག་མཛོད་ནང་གི་བག་ལ་ཉལ་བའི་ཕྲ་ཕུང་ནི་ནད་དུག“སྦས་གནས”ཡིན་པས། དེ་མིག་སྔར་ཨེ་ཙི་ནད་རྩ་བཅོས་བྱེད་པའི་འགལ་རྐྱེན་ཆེ་ཤོས་སུ་གྱུར་ཡོད། རྒྱུན་པར་ཨེ་ཙི་ནད་འགོག་པའི་སྨན་རྫས་ཀྱིས་ནད་པའི་ལུས་སྟེང་གི་ནད་དུག་བསྐྱར་བཟོ་བྱེད་པར་ཚོད་འཛིན་བྱེད་ཐུབ་མོད། འོན་ཀྱང་མི་མངོན་པའི་ཕྲ་ཕུང་དེ་དག་དབྱེ་འབྱེད་དང་གཙང་སེལ་བྱེད་མི་ཐུབ།

ཞིབ་འཇུག་མི་སྣས་མཇུག་འབྲས་འདིས་མ་འོངས་པར་ཨེ་ཙི་ནད་རྩ་བཅོས་བྱེད་པའི་འབྲེལ་ཡོད་ཞིབ་འཇུག་ལ་རྨང་གཞི་བཏིང་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།