ཀྲུང་གོ་བོད་ཀྱི་དྲ་བ།

སོ་གསབ་བཅོས་བྱས་རྗེས་ད་དུང་ན་ཟུག་སྐྱེ་བ་དེ་སོ་རྐང་ཚ་ནད་དང་འབྲེལ་བ་ཡོད་སྲིད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2019-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནད་པ་མང་པོས་“སོ་གསབ་བཅོས་བྱས་རྗེས་ད་དུང་ན་ཟུག་སྐྱེ་བཞིན་འདུག་”ཅེས་བཤད་ཀྱིན་ཡོད་ལ། དེ་ནི་སྨན་པས་གསབ་བཅོས་བྱས་པ་མ་བཟང་བ་མིན་པར། སོ་རྐང་ཚ་ནད་དང་འབྲེལ་བ་ཡོད་སྲིད།  

ཀྲུང་གོ་གསོ་རིག་སློབ་ཆེན་མཁའ་འགྲུལ་སྤྱི་ཁྱབ་སྨན་ཁང་ཁ་སྦུག་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཀྲའོ་ཆང་གིས་བཤད་རྒྱུར། སོ་རུལ་པའི་སྔོན་འགྲོའི་དུས་ཡུན་ནང་ནད་པར་སྤྱིར་ན་མི་བདེ་བའི་ཚོར་སྣང་ཆེན་པོ་མི་འབྱུང་བ་དང་། སོ་རུལ་དོང་ཇེ་ཆེར་སོང་ནས་སོའི་དབང་རྩ་དང་ཐག་ཇེ་ཉེར་འགྲོ་ཞིང་། ང་ཚོས་དེར་གཏིང་རིམ་སོ་རུལ་ཞེས་བརྗོད་ཀྱིན་ཡོད། དེ་དུས་སུ་སོ་ལ་ཚ་གྲང་ཕོག་པའམ་ཡང་ན་ཟས་རིགས་སོ་ཁུང་ནང་བླུགས་རྗེས་སོ་ན་བ་སོགས་བྱེད་ཀྱི་གནས་ཚུལ་འབྱུང་སྲིད། གཏིང་རིམ་སོ་རུལ་དེ་སྔར་བས་ངན་འགྱུར་བྱུང་ན་སོའི་དབང་རྩར་གནོད་སྐྱོན་བྱུང་ནས་སོ་རྐང་ཚ་ནད་འབྱུང་སྲིད།

སོ་རྐང་ཚ་ནད་ལ་མྱུར་གཤིས་དུས་དང་དལ་གཤིས་དུས་གཉིས་སུ་དབྱེ་སྟེ། སོ་རྐང་གཉན་ཚད་དལ་མོ་ནི་ཆེས་རྒྱུན་མཐོང་གི་སོ་ནད་ཞིག་ཡིན་ལ། ནད་རྟགས་མངོན་གསལ་མིན་པ་དང་། ནད་པ་ལ་ལར་ཐ་ན་ཚོར་ལྡན་ན་ཟུག་མེད་པ་རེད། སོ་རྐང་གཉན་ཚད་མྱུར་མོ་ཡི་ནད་རྟགས་གཙོ་བོ་ནི་ན་ཟུག་དྲག་པོ་སྐྱེ་བ་དེ་རེད། དེར་དུས་ཡུན་རང་བཞིན་གྱི་ཟུག་གཟེར་སྐྱེ་བ་དང་། མཚན་མོར་ན་ཟུག་སྐྱེ་བ། དྲོད་གྲང་གི་ཕོག་ཐུག་ཐེབས་ན་ན་ཟུག་སྐྱེ་བ་སོགས་ཀྱི་ཁྱད་ཆོས་ལྡན། གལ་ཏེ་ནད་པ་ལ་ཚོར་ལྡན་ན་ཟུག་སྐྱེ་མ་མྱོང་བའི་སོ་རྐང་ཚ་ནད་དལ་མོ་དང་ཕན་ལྡན་གྱི་རྩ་སྦུག་གི་གསོ་བཅོས་མ་བྱས་པར་སོ་གསབ་བཅོས་བྱས་ན། སོ་གསབ་རྒྱུ་ཆ་ཡིས་ཚ་ནད་རང་བཞིན་གྱི་ཟགས་ཐོན་དངོས་པོ་བཀག་ཅིང་རྒྱུངས་ཁོག་གི་གནོན་ཤུགས་ཆེ་རུ་གཏོང་བས་སོ་རྐང་ཚ་ནད་དལ་མོ་གློ་བུར་དུ་སླངས་ནས་སོ་གསབ་བཅོས་བྱས་རྗེས་སོ་ན་བར་འགྱུར།

གཏིང་རིམ་སོ་རུལ་གསབ་བཅོས་བྱས་རྗེས། སོ་ཁུང་གསོ་བཅོས་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ཕོག་ཐུག་དང་སོ་གསབ་རྒྱུ་ཆ་ཡིས་ཕོག་ཐུག་བཅས་ཀྱི་རྐྱེན་གྱིས་སོའི་དབང་རྩར་ཚོར་བ་སྐྱེན་པོ་ཡོང་ནས་ཟུག་གཟེར་སྐྱེ་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཡིན། སྤྱིར་བཏང་དུ་ཟླ་བ་གཅིག་ནས་གཉིས་བར་དང་ཐ་ན་དེ་ལས་རིང་བའི་དུས་ཚོད་སྤྱད་དེ་སོའི་དབང་རྩ་སླར་གསོ་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།