བཤང་འགག་གི་ནད་སྐོར་གྱི་རྒྱུན་ཤེས།

བཤང་འགག་ཞེས་པ་ནི་རྩ་བཤང་བའི་ཐེངས་གྲངས་ཇེ་ཉུང་དུ་འགྲོ་བ་དང་ཆབས་ཅིག་རྩ་བཤང་རྒྱུ་དཀའ་བ་དང་རྩ་སྐམ་པ་སོགས་ལ་ཟེར། རྒྱུན་ལྡན་དུ་མི་ཞིག་གིས་ཉིན་རེར་རྩ་གཏོང་ཐེངས་1ནས2དང་ཡང་ན་ཉིན་1ནས2ལ་བཤང་བ་ཐེངས་གཅིག་གཏོང་བ་རེད།བཤང་འགག་ནད་པས་གཟའ་འཁོར་རེར་རྩ་གཏོང་ཐེངས་3ལས་ཉུང་བར་མ་ཟད། རྩ་བཤང་རྒྱུ་དཀའ་བ་དངརྩ་སྐམ་ཞིང་སྲ་མོ་ཆགས་ལ་ཉུང་བ་ཞིག་ཡིནབཤང་འགག་པ་ནི་རྒན་པའི་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་ལ།རྒན་པའི་གསུམ་ཆའི་གཅིག་ལ་རྩ་འགག་གི་ནད་ཀྱི་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

ནད་རྐྱེན།

གཅིག ལོ་ཚོད་དང་འབྲེལ་བ་ཡོད།  མི་རྒན་པའི་བཤང་འགག་ཀྱི་བྱུང་ཚད་ནི་ན་གཞོན་དང་དར་མ་ལས་མངོན་གསལ་གྱིས་མཐོ་བ་ཡིནརྒྱུ་མཚན་ནི་ལོ་ན་ཇེ་ཆེར་སོང་བ་དང་བསྟུན་རྒན་པའི་ཟས་ཟ་ཤུགས་དང་ལུས་པོའི་འགུལ་སྐྱོད་ཀྱི་ཚད་ཇེ་ཉུང་དུ་འགྲོ་བ་དང་། ཕོ་བ་དང་རྒྱུ་མའི་ཟགས་ཐོན་འཇུ་བྱེད་གཤེར་ཆུ་ཇེ་ཉུང་དུ་འགྲོ་བ། རྒྱུ་མའི་རྐྱོང་ཤུགས་དང་འཕྱེ་འགུལ་ཇེ་ཞན་དུ་འགྲོ་བ། གསུས་ཁོག་དང་ཁོག་མའི་ཞབས་ཀྱི་ཤ་གནད་ཞན་པ། བཤང་སྒོའི་ཕྱི་ནང་གི་སྡོམ་ཤུགས་ཇེ་ཞན་དུ་འགྲོ་བ། ཕོ་བའི་རང་བཞིན་གྱི་ཤན་ཤུགས་ཇེ་ཆུང་དུ་འགྲོ་བ། གཞང་དཀར་ནག་གི་ཚོར་སྐྱེན་ཇེ་ཞན་དུ་འགྲོ་བ། ཟས་རིགས་རྒྱུ་མའི་ནང་དུ་སྡོད་ཡུན་རིང་དྲགས་པ། ཆུ་བསྡུ་ལེན་ཆེ་དྲགས་པ་སོགས་ཀྱིས་བཤང་བ་འགག་ཀྱི་ཡོད། གཞན་ཡང་ལོ་ན་མཐོ་བའི་རྒན་རྒོན་ལ་རྒྱུན་དུ་རྒན་རྒོན་རང་བཞིན་གྱི་གླེན་ནད། ཡང་ན་སེམས་ཁམས་མི་བདེ་བའི་ནད་སོགས་ཀྱི་དབང་གིས་གཅིན་སྐྱག་བཤང་བའི་ནུས་ཚོར་ཉམས་ནས་བཤང་འགག་གི་གནས་ཚུལ་ཡང་འབྱུང་གིན་ཡོད།

གཉིས། འཚོ་བའི་གོམས་གཤིས་ངན་པ།  

. བཟའ་བཏུང་གི་རྒྱུ་རྐྱེན། རྒན་པའི་སོ་ལྷུང་བས་སྙིགས་རོ་ཉུང་བའི་ཟས་རིགས་ཟ་བར་དགའ་བ་དང་། ཡང་ན་ནད་པ་་ཤས་ཀྱིས་སྟབས་བདེའི་ཆེད་བཟའ་བཏུང་སྟབས་བདེ་དང་ཚི་སྣ་དཀྱུས་མ་ཉུང་དུ་བཟས་པས་གཅིན་སྐྱག་གི་བོངས་ཚད་ཇེ་ཆུང་དང་འབྱར་ལུས་ཀྱི་ཚད་ཇེ་མཐོར་སོང་ཞིང་རྒྱུ་མའི་ནང་དུ་འགུལ་སྐྱོད་ཇེ་དལ་སོང་བས་ཆུ་བསྡུ་ལེན་བྱས་དྲགས་པས་བཤང་འགག་པ།

༢. རྩ་གཏོང་བའི་གོམས་སྲོལ། རྒན་པ་ལ་ལར་དུས་ལྟར་བཤང་བ་གཏོང་བའི་གོམས་གཤིས་མེད་དེ། ནམ་རྒྱུན་རྒྱུན་ལྡན་གྱི་རྩ་བཤང་བ་སྣང་མེད་དུ་བཞག་ནས་རྩ་བཤང་བར་ཤུགས་རྐྱེན་ཐེབས་པས་རྩ་འགག་པ།

༣. འགུལ་སྐྱོད་ཉུང་བ། རྒན་པ་དག་ནད་དང་རྒྱགས་ཆེ་བ་སོགས་ཀྱི་རྐྱེན་གྱིས་འགུལ་སྐྱོད་ཇེ་ཉུང་དུ་འགྲོ་བ་དང་། ལྷག་པར་དུ་མལ་སར་ཉལ་བའམ་རྐུབ་སྟེགས་འཁོར་ལོར་བསྡད་པའི་ནད་པ་ལ་འགུལ་སྐྱོད་རང་བཞིན་གྱི་སྐྱེད་བྱེད་ཀྱིས་གཅིན་སྐྱག་གི་འགུལ་སྐྱོད་ལ་སྐུལ་འདེད་མེད་པས་རྒྱུན་དུ་བཤང་འགག་འབྱུང་སླ།

གསུམ། སེམས་ཁམས་ཀྱི་རྒྱུ་རྐྱེན། ཡི་མུག་པ་དང་སེམས་ཁྲལ་བྱེད་པ། བཙན་སྐུལ་ནད་སོགས་སེམས་ཁམས་ཀྱི་འགལ་རྐྱེན་ཅན་ལ་རྩ་འགག་པའི་གནས་ཚུལ་ཐོན་སླ་པོ་ཡོད།

བཞི། རྒྱུ་མའི་ནད་འགྱུར། རྒྱུ་མའི་ནད་འགྱུར་ལ་ཚ་ནད་རང་བཞིན་གྱི་རྒྱུ་མའི་ནད་དང་སྐྲན་ནད། རླུགས་དང་གཞང་དཀར་ནག་འཕྱང་རླུགས་སོགས་ཡོད། ནད་འགྱུར་དེ་རིགས་ཀྱིས་བྱེད་ནུསས་རང་བཞིན་གྱི་ཕྱིར་གཏོང་འགག་ནས་རྩ་བཤང་བར་འགོག་རྐྱེན་བཟོ་ངེས།

ལྔ། ལུས་ཡོངས་རང་བཞིན་གྱི་ནད་འགྱུར།  གཅིན་པ་མངར་འགྱུར་དང་གཅིན་དུག ཀླད་པའི་ཁྲག་རྩའི་ནད་གློ་བུར་བ། ཕ་ཅིན་སན་གྱི་ནད་སོགས་ཡོད་པའི་མི་ལའང་བཤང་འགག་གི་ནད་བྱུང་སླ།

དྲུག སྨན་བཅོས་རང་བཞིན་གྱི་རྒྱུ་རྐྱེན།(བཤལ་སྨན་གང་བྱུང་དུ་བསྟེན་པ།)དུས་ཡུན་རིང་བོར་བཤལ་སྨན་ལ་བསྟེན་ནས་རྒྱུ་མའི་འབྱར་སྐྱི་དབང་རྩ་ལ་གནོད་འཚེ་བཟོས་ཏེ་རྒྱུ་མའི་ཤ་གྲིམ་རྐྱོང་ཤེད་ཇེ་ཆུང་དུ་བཏང་བ་ལ། ལྡོག་ནུས་རང་བཞིན་གྱི་བཤང་འགག་གི་ནད་ཚབས་ཆེན་སློངས་སླ། གཞན་ཡང་དཔེར་ན་ཉལ་ཐའི་རིགས་ཀྱི་གཟེར་འཇོམས་སྨན་དང་མཁྲིས་བུལ་རིགས་ཀྱི་སྨན། ཡི་མུག་འགོག་སྨན། ཀལ་གྱེས་རྡུལ་འགོག་རྒོལ་སྨན། གཅིན་ཕན་སྨན་སོགས་ཀྱིས་ཀྱང་བཤང་འགག་གི་ནད་སྐྱེད་སྲིད།

སྔོན་འགོག

གཅིག སྦྱོང་བརྡར་ལ་རྒྱུན་འཁྱོངས་བྱེད་པ།  ལོ་60ཡན་གྱི་རྒན་རྒོན་ལ་བརྟག་དཔྱད་བྱས་པ་ལྟར་ན། ལོ་ན་རྒས་ཤིང་གཟུགས་པོ་ཞན་ཞིང་འགྲོ་སྐྱོད་ཉུང་བ་དག་གི་རྩ་འགག་པའི་ཚད་ཀྱིས་བརྒྱ་ཆ་15.4ཟིན་པ་དང་། སྦྱོང་བརྡར་རྒྱུན་འཁྱོངས་བྱེད་མཁན་གྱི་རྩ་འགག་པའི་ཚད་ནི་བརྒྱ་ཆ་0.21ཡིན་པར་བརྟེན། ནུས་པས་ལྕོགས་ཚོད་ཀྱི་ལུས་རྩལ་ལ་ཞུགས་ན་ལེགས། དཔེར་ན་འཆམ་འཆམ་དུ་འགྲོ་བ་དང་ལྟོ་བའི་ཤ་གནད་ལ་འཕུར་མཉེད་བྱས་ནས་ཕོ་བར་འགུལ་བའི་ནུས་པ་ཇེ་ཆེར་གཏོང་དགོས། དུས་ཡུན་རིང་བོར་མལ་ཁྲིའི་སྟེང་དུ་ཉལ་བའི་ནད་པས་འཕགས་འགུལ་བྱེད་དགོས་པ་མ་ཟད། གདུབ་དབྱིབས་ཀྱིས་ལྟོ་བར་འཕུར་མཉེད་དང་ཚ་བྱུག་བྱེད་དགོས།

གཉིས། གཅིན་གཏོང་བའི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་དགོས། བདེ་ཐང་ཐད་ཀྱི་སློབ་གསོ་བཏང་ནས་ནད་པར་རྒྱུན་ལྡན་གྱི་གཅིན་སྐྱག་གཏོང་བར་རོགས་རམ་བྱེད་དགོས། ཞོགས་རེར་རྩ་ཐེངས་གཅིག་བཤང་བར་སྦྱོང་བརྡར་བྱས་ཆོག རྩ་བཤང་འདོད་མེད་ནའང་ཅུང་ཙམ་སྒུག་ནས་བག་ཆགས་ཚུར་སྣང་འབྱུང་བར་འགྱུར།

གསུམ། ལུགས་མཐུན་གྱི་བཟའ་བཏུང་སྤྱོད་པ།  རྒན་པས་ཚི་སྣའི་འབྲུ་རིགས་དང་སྔོ་ཚལ། སིལ་ཏོག སྲན་མའི་རིགས་ཀྱི་ཟས་རིགས་མང་ཙམ་བཟའ་བ་དང་། ཆུ་མང་ཙམ་འཐུང་དགོས་ལ་ཉིན་རེར་ཉུང་མཐར་ཡང་ཆུ་ཧོ་ཧྲིན་1500འཐུང་དགོས། ལྷག་པར་དུ་ཉིན་རེའི་ཞོགས་པའི་ཟ་མ་མ་ཟོས་གོང་ལ་ཆུ་ཁོལ་ཕོར་བ་གང་འཐུང་ན་བཤང་འགག་པ་སྔོན་འགོག་བྱེད་ཐུབ། དེ་མིན་རྒྱུ་མའི་ནང་དུ་འཇུ་བྱེད་ཀྱི་ནུས་པ་ལྡན་པའི་བཟའ་བཅའ་དཔེར་ན་ཏིལ་ནག་དང་། སྦྲང་རྩི། ངང་ལག་སོགས་བཟས་ནའང་བཟང་།

བཞི། གཞན་བཤལ་སྨན་གང་བྱུང་དུ་མི་སྤྱོད་པ། ལུས་བྱིངས་རང་བཞིན་དང་གཞང་དཀར་ནག་གི་ནད་རིགས་ལ་ཧུར་ཐག་གིས་སྨན་བཅོས་བྱེད་པ། སེམས་ཁམས་བཟང་ནའང་རྒྱུན་ལྡན་གྱི་རྩ་བཤང་བར་ཕན་པ་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།