ཀྲུང་གོ་བོད་ཀྱི་དྲ་བ།

ནུ་མའི་འབྲས་སྐྲན་གྱི་འབྱུང་རྐྱེན་དང་སྔོན་འགོག་བྱེད་ཐབས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནུ་མའི་འབྲས་སྐྲན་ནི་རྒྱ་ཆེའི་བུད་མེད་རྣམས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་བའི་ནད་རིགས་གཙོ་བོར་གྱུར་ཡོད།ཉེ་བའི་ལོ20ཙམ་གྱི་རིང་ལ།ནུ་མའི་འབྲས་སྐྲན་འབྱུང་ཚད་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད།རང་རྒྱལ་དུ་ནུ་མའི་འབྲས་སྐྲན་འབྱུང་ཚད་ཆེས་མཐོ་བའི་ལོ་ཚོད་ནི་ལོ40ནས60བར་ཡིན་ལ།བུད་མེད་ཀྱི་ནད་འབྱུང་ཚད་སྐྱེས་པ་ལས་ལྡབ100ཡིས་མཐོ།རང་རྒྱལ་དུ་ནུ་མའི་འབྲས་སྐྲན་འབྱུང་ཚད་ནི་འཛམ་གླིང་གི་ཅུང་མཐོ་གྲས་ཡིན་པས་ནུ་མའི་འབྲས་སྐྲན་ཧུར་བརྩོན་གྱིས་སྔོན་འགོག་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་ཆེན་ཞིག་རེད།འདིར་གླེང་དགོས་པ་ཞིག་ནི།ལོ་རབས80པ་ནས་བཟུང་རང་རྒྱལ་གྱི་ནུ་མའི་འབྲས་སྐྲན་འབྱུང་ཚད་ཆ་སྙོམས་ཀྱིས་མར་བབས་ཡོད་ལ།དབྱེ་ཞིབ་བྱས་པ་ལྟར་ན།དེ་ནི་སྔ་མོ་ནས་ཞིབ་བཤེར་དང་སྔ་མོ་ནས་ནད་བཅོས་བྱེད་པར་འབྲེལ་བ་དམ་པོ་ཡོད།

ནུ་མའི་འབྲས་སྐྲན་ཞེས་པ་ནི་ནུ་སྦུག་གི་སྐྱི་པགས་གོང་མར་ཕྱི་ནང་གི་སྐྲན་རྒྱུ་ནུས་པའི་འོག ཕྲ་ཕུང་ལ་རྒྱུན་ལྡན་གྱི་དམིགས་ནུས་ཤོར་ཏེ་སྐྲང་བུ་བྱུང་བ་དང་།རང་ཉིད་བསྐྱར་གསོ་ཡི་ཚད་ལས་བརྒལ་ཏེ་སྐྲན་ནད་དུ་གྱུར་པ་ལ་ཟེར།ནུ་མའི་སྐྱི་པགས་གོང་མར་བྱུང་བའི་སྐྲན་ནད་ལ་ནུ་མའི་འབྲས་སྐྲན་དུ་འབོད་ལ།སྐྱི་པགས་གོང་མ་མ་ཡིན་པའི་སྐྲན་ནད་ལ་ཤ་སྐྲན་དུ་འབོད།

གཅིག འབྱུང་རྐྱེན།

ནུ་མའི་འབྲས་སྐྲན་ལ་ད་དུང་གསལ་ཐག་ཆོད་པའི་འབྱུང་རྐྱེན་ཞིག་མེད་མོད།འོན་ཀྱང་ཟླ་མཚན་མ་ཆད་པའི་སྔོན་དང་ཆད་རྗེས་ཀྱི་མོ་གཤིས་སྐུལ་རྒྱུ་ནི་ནུ་མའི་འབྲས་སྐྲན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད་པ་དང་།དེ་མིན་ད་རུང་ཁྱིམ་རྒྱུད་དང་བཟའ་བཏུང་།ཕྱིའི་དངོས་འགྱུར་གྱི་རྒྱུ་རྐྱེན་གཙོ་བོ་དང་ནུ་མའི་ནད་རིགས་གཞན་པ་སོགས་ཀྱང་ནུ་མའི་འབྲས་སྐྲན་འབྱུང་བར་འབྲེལ་བ་དམ་པོ་ཡོད།

ནུ་མའི་འབྲས་སྐྲན་འབྱུང་བར་གཤམ་གྱི་རྒྱུ་རྐྱེན་འདི་དག་ཡོད་དེ།

ཟླ་མཚན་ཐོག་མ་འབབ་སྔ་བ། སྔོན་ཆད་ཟླ་མཚན་ཐོག་མ་འབབ་པའི་ཆ་སྙོམས་ཀྱི་ལོ་ཚོད་ལོ14ནས15བར་ཡིན་མོད།འོན་ཀྱང་དེང་སྐབས་ལོ9ལ་བུད་རྗེས་ཟླ་མཚན་འབབ་པ་ཡང་ཡོད་པ་དང་།ཆ་སྙོམས་ཀྱི་ལོ་ཚོད་ལོ10ནས13བར་རེད།

བྱིས་པ་བཙའ་འཕྱི་བ། ལོ30བརྒལ་ནས་བྱིས་པ་བཙའ་བ་དང་།ལོ30བརྒལ་རྗེས་ད་རུང་གཉེན་བསྒྲིགས་མེད་པ་དང་བྱིས་པ་བཙས་མེད་པ།ནུ་མ་མ་བླུད་པ།ཚིལ་དང་སྤྲི་དཀར་མཐོ་ལ་ལུས་བོངས་ལྕི་བ།སྐྱི་པགས་འོག་གི་ཚིལ་རྣམས་མོ་གཤིས་སྐུལ་རྒྱུ་ལ་འགྱུར་བ་བཅས་དང་།ནུ་མའི་འབྲས་སྐྲན་ནི་སྐུལ་རྒྱུ་གཞན་བརྟེན་རང་བཞིན་གྱི་འབྲས་སྐྲན་ལྕི་མོའི་རིགས་ཡིན་པས།འབྲས་སྐྲན་འབྱུང་བ་ནི་སྐུལ་རྒྱུ་དང་འབྲེལ་བ་དམ་པོ་ཡོད་པས།མོ་གཤིས་སྐུལ་རྒྱུ་མང་དྲགས་ན་ནུ་རྨེན་འབྲས་སྐྲན་དུ་འགྱུར་ངེས་རེད།འཚོ་བའི་གོམས་གཤིས་ཐད་ནས་ཆང་འཐུང་བ་དང་དུ་བ་འཐེན་པ། རྒྱུད་ལས་འགོ་བ་དང་ཁྱིམ་རྒྱུད་ལ་འབྲེལ་བ།འཕྲོ་འགྱེད་གཏོང་བ།བསམ་བློར་དྲག་སྐུལ་དང་བསམ་པའི་གནོན་ཤུགས་ཆེ་བ་བཅས་ལ་འབྲེལ་བ་ཡོད།

གཉིས། བརྟག་ཐབས།

ནུ་མར་སྐྲང་འབུར་ཡོད་པ་དང་སྲ་མོ་ཡིན་པ། ནུ་མགོ་ནས་ཁྲག་འདྲེས་པའི་གཤེར་ཁུ་ཡོང་བ།ནུ་མགོ་བཀུམ་ཞིང་ནུ་ཤ་ངང་སེར་དུ་འགྱུར་བ།ནུ་མགོ་དང་ནུ་མའི་ངོས་སུ་ཤུན་པ་ཕུད་ཅིང་བེ་ར་སིལ་བུ་ཡོད་པ།ནུ་མ་ཇེ་ཆེ་དང་དམར་པོར་འགྱུར་ཞིང་འགྱུར་ལྡོག་ཆེ་བ། ནུ་མགོ་ནང་དུ་བཀུམ་པ།མཆན་ཁུང་གི་གཤེར་རྨེན་སྐྲངས་པ།མཆན་འོག་ཏུ་དངོས་པོ་ཞིག་གིས་མནན་ཡོད་པ་ལྟ་བུའི་ཚོར་བ་ཡོད་པ།དུས་མཇུག་ཏུ་ནུ་མའི་ངོས་ཆ་ཤས་རལ་ནས་ཟགས་པ་དང་སྒྲོག་རུས་སྟེང་གི་གཤེར་རྨེན་སྐྲངས་པ་ཇེ་ཆེར་འགྲོ་བ།བཅོས་དུས་ལས་བརྒལ་ན་ནུ་ཤ་བརྡོལ་ལ།སྒྲོག་རུས་སྟེང་གི་གཤེར་རྨེན་ཇེ་ཆེར་སོང་ནས་རུས་པ་དང་སྒལ་བ།ཁོག་པ་བཅས་ལ་ན་ཟུག་སྐྱེས་པ་དང་།བྲང་ཁོག་ན་བ་དང་ཁྲག་ཚད་དམའ་བ།སྐམས་རིད་དུ་འགྲོ་བ་སོགས་ཀྱི་གནས་ཚུལ་འབྱུང་།

གསུམ། སྔོན་འགོག་བྱེད་ཐབས།

སྔོ་ཚོད་དང་སྲན་རིགས།སིལ་ཏོག་མང་དུ་བཟའ་བ།ཚིལ་ཉུང་ཞིང་མངར་ཁ་ཆུང་བའི་ཟས་རིགས་བསྟེན་པ།དུས་བཅད་ལྟར་ལུས་སྦྱོང་ཅུང་དྲག་པོ་བྱེད་པ།རང་བཤེར་བྱེད་པ་དང་སྨན་པར་སྟོན་པ་ཟུང་འབྲེལ་བྱེད་པ།དུས་བཅད་ལྟར་རྒྱུད་རྒྱུ་ལ་བརྟག་བཤེར་བྱེད་པ་དང་།གལ་ཏེ་རྒྱུད་རྒྱུ་འགྱུར་བ་ཤེས་ན་ནུ་མར་གཤག་བཅོས་བྱས་ཏེ་སྔོན་འགོག་བཅས་བྱེད་དགོས།

ནུ་མར་རང་བཤེར་བྱེད་པའི་ཆེས་བཟང་བའི་དུས་ཚོད་ནི་ཟླ་མཚན་ཆད་རྗེས་ཀྱི་གཟའ་འཁོར་གཅིག་གི་ནང་ཡིན། ལྭ་བ་ཕུད་རྗེས་ངོ་བལྟའི་མདུན་དུ་དྲང་མོར་ལངས་ནས་ནུ་མ་གཉིས་ལ་ཆེ་ཆུང་ཡོད་མེད་དང་།ནུ་མགོར་གཤེར་ཁུ་ཡོད་མེད།ནུ་མགོ་ནང་དུ་བཀུམ་ཡོད་མེད།ནུ་ཤ་གཉེར་ཡོད་མེད།ཤ་ཤུན་ཕུད་ཡོད་མེད།ཕྱི་དབྱིབས་ལ་འགྱུར་ལྡོག་ཡོད་མེད་བཅས་ལ་ཞིབ་ལྟ་བྱེད་དགོས་པ་དང་།ཡང་ན་ལག་གཡས་ཀྱི་གོང་མཛུབ་དང་དཀྱིལ་མཛུབ་སྲིན་མཛུབ་ཀྱིས་དལ་ཞིང་ཞིབ་ཚགས་ལྡན་པའི་སྒོ་ནས་ནུ་མར་རེག་པ་དང་།ནུ་མ་གཡས་པ་ནས་མགོ་བརྩམས་ཏེ་མཐའ་ནས་ནང་གི་ནུ་མགོར་ཐུག་པའི་བར་དུ་མ་མཐའ་ཡང་སྐོར་བ་གསུམ་བྱེད་དགོས།གོང་ནས་འོག་ལྟར་རེག་ཏེ་ཞིབ་བཤེར་བྱེད་ཆོག་ལ་ཆ་ཤས་གང་ཡང་ལུས་མི་ཆོག དུས་མཚུང་སུ་མཆན་འོག་གི་རྨེན་བུ་ཇེ་ཆེར་སོང་ཡོད་མེད་ལ་དོ་སྣང་བྱེད་དགོས།མཇུག་མཐར་མཐེ་བོང་དང་གོང་མཛུབ་ཀྱིས་ནུ་མགོ་བཙིར་ཏེ་གཤེར་ཁུ་ཡོད་མེད་ལ་བལྟ་དགོས།གལ་ཏེ་ཆུ་སེར་དང་ཁྲག་འདྲེས་པའི་གཤེར་ཁུ་ཡོད་ན་དུས་ཐོག་ཏུ་སྨན་པར་སྟོན་དགོས།

ནུ་མའི་འབྲས་སྐྲན་སྔ་མོ་ནས་ཤེས་ཤིང་སྔ་མོ་ནས་བཅོས་ན་དྲག་སྐྱེད་ཐུབ་པའི་རེ་བ་ཧ་ཅང་ཆེ།ཟླ་རེར་རང་བཤེར་ཐེངས་གཅིག་བྱེད་པ་དང་གལ་ཏེ་དོགས་པ་ཡོད་ན་དུས་ལྟར་ཆེད་ལས་སྨན་ཁང་དུ་སོང་ནས་བརྟག་དཔྱད་ལེགས་པོ་བྱས་ན།ནད་སྔ་མོ་ནས་ཤེས་པ་དང་ངོས་འཛིན་བྱས་ཏེ་སྨན་བཅོས་བྱེད་ཐུབ།རང་བཤེར་བྱེད་སྐབས་ནུ་མར་རྒྱུན་ལྡན་མིན་པའི་སྐྲངས་འབུར་སོགས་ཡོད་པ་ཤེས་ན་སྣང་མེད་དུ་མི་འཇོག་པར།དུས་ལྟར་འབྲས་སྐྲན་ཆེད་ལས་སྨན་པའམ་ཉམས་མྱོང་ལྡན་པའི་སྨན་པར་བསྟེན་ནས་བསྐྱར་ཞིབ་བྱེད་དགོས།ངོས་འཛིན་གསལ་བོ་བྱུང་རྗེས་དུས་ལྟར་ཚད་ལྡན་གྱི་སྨན་བཅོས་བྱེད་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།