ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོས་མཉམ་དུ་མཆིན་ཚད་ཁ་པ་སྔོན་འགོག་བྱེད་དགོས

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཆིན་ཚད་ཁ་པ་ནི་མཆིན་ཚད་ཁ་པའི་ནད་དུག་གིས་བསླངས་པའི་འགོས་ནད་ཅིག་ཡིན།མཆིན་ཚད་ཁ་པའི་ནད་དུག་རེད་རྗེས།དལ་གྱིས་རེད་པའི་རྣམ་པར་གྱུར་ཏེ།མཆིན་པར་བསྟུད་མར་གནོད་འཚེ་ཐེབས་ངེས་པས།ཡུན་གྱིས་མཆིན་པ་སྲ་འགྱུར་དང་མཆིན་པའི་འབྲས་སྐྲན་དུ་འགྱུར་བ་རེད། མཆིན་ཚད་ཁ་པ་དེ་འགོག་སྨན་བརྒྱག་པ་དང་ཡང་ན་བྱེད་ཐབས་གཞན་པ་སྤྱད་དེ་སྔོན་འགོག་བྱེད་ཆོག

མི་མང་ཤོས་ལ་མཆིན་ཚད་ཁ་པའི་ནད་དུག་འགོས་རྗེས།ནད་རྟགས་གང་ཡང་མེད་པར་ཡིབ་གཤིས་རེད་པའི་རྣམ་པ་མངོན་སྲིད་པ་དང་།མི་ཁ་ཤས་ལ་ནད་རྟགས་ཡོད་པ་སྟེ།གཙོ་བོ་ལུས་ལ་ཤུགས་མེད་པ་དང་ཟས་ལ་ཡི་ག་མེད་པ།གསུས་ཁོག་མི་བདེ་བ་བཅས་དང་།ནད་པ་ཉུང་ཤས་ཤིག་ལ་ད་རུང་ཞེ་མེར་བ་དང་སྐྱུག་མེར་ལངས་པ་རེད།མཁྲིས་སེར་མེད་པ་དང་མཁྲིས་སེར་ཡང་མོ་ཡོད་པ་ལ།བརྟག་དཔྱད་བྱེད་སྐབས་མཆིན་པ་སྐྲངས་པའམ་ཡང་ན་མནན་ན་གཟེར་བ།མཚེར་བ་སྐྲངས་པ་དང་།མི་ཉུང་ཤས་ལ་ད་རུང་མཆིན་ཁུག་ན་བ་སོགས་ཀྱི་ནད་རྟགས་འབྱུང་།

འགོ་སྟངས།

མཆིན་ཚད་ཁ་པ་ནི་ཁྲག་དང་མ་བུ།འཁྲིག་སྤྱོད་བཅས་རྣམ་པ་གསུམ་བརྒྱུད་ནས་འགོ་བ་རེད།དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ལག་འཇུ་དང་ཕན་ཚུན་ལ་འཁྱུད་པ།མཉམ་དུ་ཟ་མ་བཟའ་བ།ཐུན་མོང་གིས་སྤྱོད་ཁང་བཀོལ་སྤྱོད་བྱེད་པ་སོགས་ཁྲག་མ་འདྲེས་པའི་འབྲེལ་འདྲིས་གཞན་པས་ཕན་ཚུན་ལ་འགོ་མི་སྲིད།

གལ་ཏེ་རྒྱུ་མཚན་ཅི་ཡིན་མི་ཤེས་པར་ལུས་སྟེང་དུ་ཤུགས་མེད་པ་དང་འཇུ་ལམ་མི་བདེ་བའི་ནད་རྟགས་མངོན་ནས།གཟའ་འཁོར་གཅིག་གི་ཡན་འགོར་ན།སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས།

མཆིན་ཚད་ཁ་པའི་ནད་དུག་ཡོད་མཁན་དེ་བྱ་བ་དང་འཚོ་བའི་ནུས་པའི་སྟེང་མི་གཞན་པ་དང་ཁྱད་པར་གང་ཡང་མེད།མཆིན་ཚད་ཁ་པའི་མཆེད་སྟངས་ལ་དམིགས་བསལ་རང་བཞིན་ལྡན་པའི་དབང་གིས།མཆིན་ཚད་ཁ་པའི་ནད་དུག་ཡོད་མཁན་གྱིས་བྱ་བ་དང་འཚོ་བ།སློབ་སྦྱོང་།སྤྱི་ཚོགས་བྱ་འགུལ་བཅས་ཀྱི་ཁྲོད་མཐའ་འཁོར་གྱི་མི་དང་ཁོར་ཡུག་ལ་འཇིགས་སྐུལ་གང་ཡང་ཐེབས་མི་སྲིད་པས།རྒྱུན་ལྡན་ལྟར་སློབ་སྦྱོང་དང་ལས་ཞུགས་བྱས་ཏེ་འཚོ་བ་རོལ་ཆོག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།