ཀྲུང་གོ་བོད་ཀྱི་དྲ་བ།

མཁྲིས་ནད་གསོ་བའི་སྐོར།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2019115111348832.jpg

མཁྲིས་པའི་སློང་རྐྱེན་ནི། ཆང་བཟང་པོ་དང་ཤ་ཁུ། སྣུམ་རྙིང་དང་ཟས་སྐོམ་བཅུད་སྣུམ་བསྟེན་ཆེ་བ་དང་། སྤྱོད་ལམ་དྲག་ཤུལ། མེ་ཉིས་དྲོས་ཆེ་བ་སོགས་ཀྱིས་སློང་། ནད་རྟགས་གཟེར་མི་འཕོ། ཁ་ཁ། སྐོམ་དད་ཆེ། མིག་སྤྲིན་སེར་བའམ་དམར། ལུས་ལ་ཚ་དྲོད་ཆེ་ཞིང་ཉོབ། ཁྱད་པར་མགོ་བོ་དང་མིག་རུས་ལྟག་པ་ན། ལུད་པ་ཚྭ་བྲོ། ཞེན་པ་ལོག རྩ་རྒྱུད་ཕྲ་ཞིང་གྲིམས་ལ་མགྱོགས་པར་འཕར། ཆུ་སེར་ཁ་ཆེ་ཞིང་དྲི་དང་རོ་དུགས། ལྦུ་བ་ཕྲ་སེར་སངས་སླ། ལྕེ་ལ་བད་ཀན་སེར་བོ་ཆགས།  དྲོ་བས་གནོད།  བསིལ་བས་འཕྲོད། དེ་ལ་མགོ་ན་ཤས་ཆེ་ན་མགོ་ཐང་གསུམ་པ་དང་བཅུ་གསུམ་པ་གཏོང་། སྨན་དར་མ་ལ་རྒྱུད་ཀྱི་ཏིག་བརྒྱད་རྒྱ་ཏིག་དངོས་སྦྱར་བ། གཡའ་ཀྱི་ཉེར་ལྔ། ཏིག་ཏ་ཉེར་ལྔ་སོགས་མཁྲིས་སྨན་སྤྱི་ཁྱབ་གཏོང་། རྒན་པོ་ལ་མཁྲིས་ལས་རྣམ་རྒྱལ་ལྟ་བུ་རླུང་མི་སྐྱེད་པའི་འཇམ་པོ་བཏང་བ་ལེགས། ཁྲག་མཁྲིས་རྟགས་ཆུ་ལ་དམར་མདངས་ཡོད། རྩ་ཁེངས། རོ་སྟོད་གཟེར་བ་སོགས་ལ་ཙནྡན་བཅོ་བརྒྱད། གླང་ཆེན་རིགས། སྐྱུ་རུ་འཕྲུལ་འཁོར་ཅན། གུར་གུམ་མཆོག་བདུན་དང་ཏིག་བརྒྱད་བསྲེས་པའི་གུར་ཏིག  གི་ཏིག་རྣམས་ཟབ། དཔྲལ་རྩ་དང་། རུ་ཐུང་ཨན་ཙམ་གཏར།

བད་མཁྲིས་ནད་རྟགས་གོང་མ་རྣམས་ཀྱི་སྟེང་དུ་ཆུ་སྐྱུར་སྐྱུག ཞེ་ལྡོག་རྩ་ཁ་བྱིང་ཞིང་གཏིང་གྲིམ། ཆུ་དཀར་སེར་སོགས་ལ་ཏིག་བརྒྱད་དང་བདུད་རྩི་སུམ་སྦྱོར་དང་བསྲེས་པ། རྒྱུད་ཀྱི་ཅོང་ཞི་དྲུག་པ། རིལ་དཀར་པད་སྡོང་།མན་ངག་བསིལ་སྦྱོར། སེ་འབྲུ་པདྨ་འདབ་བརྒྱད།  གསེར་མདོག་བཅོ་བརྒྱད་རྣམས་ཟབ། མཚོག་གསང་དབྱེ། རྒྱབ་རྩ་དྲུག་འདུས་དང་གསེར་མདུང་གཏར།

རླུང་མཁྲིས་བསྡོངས་ནས་མགོ་གཟེར་འཕོ་ལེན་སྐྱེ་འབྲི་བྱེད་ལུས་འདར་བ་སོགས་ལ་གསེར་མདོག་ལྔ་བ། མཁྲིས་ལས་རྣམ་རྒྱལ་དང་ཨ་གར་བརྒྱད་པ་ལྟག་པ་སྤྲད། ཆང་ནད་དང་བསྡོངས་པའི་མཁྲིས་པ་ལ་མཁྲིས་ལས་རྣམ་རྒྱལ་གྱིས་སེལ། སྤྱིར་ཆང་རག་གིས་ན་བའི་རིགས་ལ་ནངས་སྔ་ཆང་རག་ཁར་མ་སོང་གོང་། དཀར་པོ་དྲུག་སྦྱོར་ཐུན་རེ་བཏང་བས་ནད་སྐྱོན་མི་འབྱུང་ཞིང་ལུས་བདེ་བར་བཤད།

མཁྲིས་སྲིན་བསྡོངས་ནས་མགོ་གཟེར། སྐབས་སྐབས་ཚ་འབྲབ་བྱེད། སྲིན་ཚང་གཟེར་བ་ལ་ཚེ་བྷྲཱུྃ་ལུགས་ཀྱི་གར་ནག་བཅོ་ལྔ་ཐེང་ཆོག་ཡིན། གསེར་མདོག་བཅུ་གཅིག་བཟི་ཡོད། གུར་ཁྱུང་རྣམས་དང་། མཁྲིས་པའི་སྤྱི་སྨན་ཀྱང་འཕྲོད། མུར་གོང་འཕར་རྩ་གཏར།

མཁྲིས་པ་སྣོད་དུ་བབས་པའི་གྲང་མཁྲིས་རྟགས། བསིལ་དྲོད་ཀྱི་ཕན་གནོད་མི་ཚོར། ཕོ་བ་ཅུང་ཟད་གཟེར་ཞིང་འཁྲོག ཁ་ཁ། ཞེ་ལྡོག ཁ་ཟས་མི་ཞུ་བ་ལ། གསེར་མདོག་ལྔ་པ་ཁ་རྐྱང་ངམ། དེ་དང་ཞི་དྲུག་བསྲེས་པའི་གསེར་ཞི་ཁ་སྤྲོད། པདྨ་འདབ་བརྒྱད། གཡའ་ཀྱི་བདུན་པ། མཁྲིས་ལས་རྣམ་རྒྱལ་སོགས་གཏོང་། ཕོ་བར་བབས་ནས་མཁྲིས་ཁུ་སྐྱུག  ཕོ་བ་གཟེར་བ་ལ་བྲག་ཞུན་དགུ་པ། བདུད་རྩི་སླེབས་ཆོག་བཟི་ཆུང་ཅན། བྲག་ཁྱུང་བཟི་ཆུང་ཅན་ཡོད་པ་བཅས་ཟབ། ནད་འདི་གཉན་རིམས་དང་བསྡོངས་པ་མང་བས་སྨན་འདི་རྣམས་བཏང་བ་ཤིན་ཏུ་ལེགས། རྒྱུ་མར་བབས་ནས་སེར་པོ་འཁྲུ་བ་ལ་མཁྲིས་ཕྱེ་བདུན་པ་དང་། བྲག་ཞུན་དགུ་པ་ཟབ། སྣོད་མཁྲིས་ཕོ་བའི་གཡས་ངོས་གཟེར་བ་ལ་གར་ནག་བཅུ་པ་ཁོ་ན་ཟབ། གྲང་མཁྲིས་ཁ་ལུད་པ་ལ་གར་ནག་བཅུ་སྟེང་ཁ་ཆེ་དོམ་མཁྲིས་ཁ་ཚར་བཏབ་པ་ཟབ། སྤྱིར་སྣོད་མཁྲིས་ཀྱི་རིགས་ལ་གར་ནག་སྦྱོར་བ་ཐམས་ཅད་ཟབ། དྭངས་མ་གནས་འཇོག་གཤམ་གསལ་ཡང་མཁྲིས་པའི་ནད་རིགས་ལ་ཕན་ཆེ་བ་ལག་བླངས་མའོ།། མཁྲིས་པ་བཤལ་ལས་མི་འདའ་བ་ཡིན་པས་མཁྲིས་ནད་ཐབས་ཅད་དང་ཁྱད་པར་སྣོད་བབས་ཀྱི་མཁྲིས་ནད་ལ་ཨ་རུ་གསེར་བཤལ་མཆོག་ཏུ་བསྔགས། བཅུ་པ་མཁྲིས་གསང་དང་མེ་ཉམས་གསང་ལ་མེ་བཙའ་བརྒྱབ་པས་གྲང་མཁྲིས་རྗེས་གཅོད་ཕན།

མཁྲིས་པ་ཀྵ་ཡ་སྣོད་དུ་ལྷུང་བ་ལ། གུར་གུམ་མཆོག་བདུན། ཏིག་བརྒྱད་སྟེང་གཡའ་ཀྱི་བསྣན་པ་ཟབ།སྨན་གྱིས་མ་ཆོག་ཡུན་རིང་ལུས་པས་མཁྲིས་པ་ཤ་ལྤགས་ལ་གྲམ། མིག་རྩ་ཤ་མདོག་སེར། ཆུ་རྟགས་སྐྱེར་ཁུ་ལྟ་བུ་བྱུང་ན་མན་ངག་རྒྱུད་ཀྱི་ཏིག་ཏའི་མང་སྦྱོར།  གཡའ་ཀྱི་ཉེར་ལྔ།   གཡའ་ཀྱི་བདུན་པ་སོགས་ཟབ། མཁྲིས་པ་ཐམས་ཅད་ལ་ཉིན་མོ་གཉིད་མི་ལོག  བསིལ་སར་དལ་བར་བསྡད། ཆུ་བསིལ་བསྐོལ་གྲང་།        འབྲས་དང་ཆག་ཚེའི་ཐུག་པ་སླ་མོ།རི་དྭགས་སོགས་ཀྱི་ཤ་གསར།བ་མར་གསར་པ་སོགས་བསྟེན་ཅིང་དྲོད་བཅུད་ཀྱི་སྤྱོད་ལམ་དང་ཟས་སྐོམ་སྤང་བར་བྱའོ༎ 
   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།