ཀྲུང་གོ་བོད་ཀྱི་དྲ་བ།

ཀླད་གཟེར་ནད་ཀྱི་གསོ་ཐབས་ཉུང་བསྡུས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2019115111214813.jpg

རྒྱུ་རྐྱེན་གྱུར་ཚུལ།  རིམས་ནད་ཁྱབ་གདལ་དུ་འགྲོ་བའི་སྐབས་སུ་ཟས་སྤྱོད་ལོག་པ་དང་། ལྷག་པར་དུ་ཀླད་རིམས་ན་མཁན་དང་འབྲེལ་ཐུག་བྱས་ནས་སློང་གི་ཡོད།  ནད་འདི་གཉན་རིམས་ཀླད་པའི་རྒྱ་དར་རམ་སྐྱི་མོར་བབས་པའི་ནད་ཅིག་རེད། ནད་འདི་དགུན་དཔྱིད་ཀྱི་དུས་སུ་ན་མང་བ་ཡོད། ནད་ངོས།  མགོ་བོ་ན་ཟུག་ཆེ་བ།  ཚ་བ་རྒྱག་པ།  མུར་འགྲམ་དང་ལྟག་ཁུང་ན་བ།  མཚོགས་མ་ལྕི་བ། སྐྱུག་མེར་ལངས་ཤིང་སྐྱུགས་པ་ཡང་ཡང་ཤོར་བ།   མིག་གི་རྒྱལ་མོ་ཆེ་ཆུང་མི་སྙོམས་པ། ཤེས་པ་ཟ་ཟི་ཆགས་པ།   མཇིང་པ་རེངས་བ། རེ་འགའ་ཡན་ལག་རེངས་པའམ་བསྒུལ་བསྐྱོད་བྱ་བ་ཉམས་པ་སོགས་ཀྱི་མངོན་ཚུལ་ཡོད།  རྩ་རྒྱུད་ཕྲ་མགྱོགས་གཡོ་བ་དང་ཕྲ་ལ་གྲིམས་ཤིང་མྱུར་དུ་འཕར་བ། ཆུ་དམར་དྲི་མ་དུགས་ལ་ཀུ་ཡ་མཐུག་པ་དང་ཆུ་མདོག་རྙོག་པ། ལྕེ་མཆུ་སོ་སོགས་ལ་དྲེག་པ་ཆགས་པ་དང་མདོག་དམར་ཞིང་ངོ་བོ་སྐམ་ལ་རྩུབ་པ།

བཅོས་ཐབས།  གཙོ་བོ་ཐོག་མ་ཉིད་ནས་གཉན་ཚད་གཅོག་ཐབས་བྱ་དགོས་པའོ།  ཟས་སུ་འབྲས་ཐུག་དང་ཡོས་ཐུག ཆུ་ཁོལ་སོགས་བསྟེན་རྒྱུ་དང་། དཀར་མངར་སོགས་སྤང་དགོས།  ལུས་ཚ་ཆེས་གྲང་ཆེས་མ་ཡིན་པར་བསིལ་དྲོད་སྙོམས་པའི་གནས་སུ་ནད་པ་ལོག་སུ་བཞག་ནས་སྨན་བཅོས་བྱེད་དགོས།

སྨན་དུ། གཅིག ཕུར་ནག་དགུ་ཐང་།ཉིན་རེར་ཐེངས་༡དང་ཐེངས་རེར་ཁེ་༣ཙམ་ཐང་དུ་བསྐོལ་ནས་གཏོང་རྒྱུའོ།།     གཉན་རིམས་ཀྱི་ནད་ཀུན་ལ་ཕན་པའོ།     གཉིས།  འཕྲུལ་ཐང་།  ཉིན་རེར་ཐེངས་༡ནས་༢བར་དང་ཐེངས་རེར་ཁེ་༣ཙམ་གྱི་བསྡུས་ཐང་གཏོང་རྒྱུའོ།  རིམས་ཚད་རང་བཞིན་གྱི་གཉན་ཚད་སོགས་སྨིན་སྡུད་བྱེད་པ་དང་རིམས་ནད་སྔོན་འགོག་ཐུབ།    གསུམ།  ལོ་གྱོན།  ཉིན་རེར་ཐེངས་༡དང་ཐེངས་རེར་རིལ་བུ་༡རེ་ཁ་ཟས་ཟོས་རྗེས་ཆུ་ཁོལ་གྱིས་གཏོང་དགོས།  མགོ་གཟེར་དང་།  གཉན་གཟེར། གཉན་ཚད་རིམས་སོགས་ལ་ཕན།     བཞི།  རྟ་ཟི་དམར་པོ།  ཉིན་རེར་ཐེངས་༡དང་ཐེངས་རེར་རིལ་བུ་༣རེ་ཁ་ཟས་ཟོས་རྗེས་ཆུ་ཁོལ་གྱིས་གཏོང་དགོས།  ཚད་རིམས་གཉན་དང་བསྡོངས་པ་དང་།  ཚ་བ་གཅོག་པ།  བལ་རིམས་སོགས་ལ་ཕན། 

སྔོན་འགོག   རྒྱུན་དུ་ཁོར་ཡུག་སྤྱི་དང་མི་སྒེར་གྱི་གཙང་སྦྲ་འཕྲོད་བསྟེན་ཡག་པོ་བྱ་དགོས། ནད་པའི་སྣོད་ཆས་མ་འདྲེས་པ་དང་ཁ་རླངས་མི་འགོས་པ་དོག་ཟོན་བྱ་རྒྱུ་དང་། འགོས་འཁྱབ་རང་བཞིན་གྱི་ནད་ན་མཁན་བྱུང་ན་ངེས་པར་དུ་ཟུར་དུ་བཞག་སྟེ་སྨན་བཅོས་བྱས་ནས་ནད་གཞི་ཁྱབ་གདལ་དུ་མི་འགྲོ་བར་ཤུགས་སྣོན་རྒྱག་དགོས་སོ།།          

རྩོམ་སྒྲིག་པ། : ཀླུ་མོ་མཚོ།