ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུན་དུ་འཆམ་འཆམ་དུ་སོང་ན་བུད་མེད་ཀྱི་སྙིང་རྒུད་ཉེན་ཁ་ཇེ་ཆུང་དུ་འགྲོ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཆམ་འཆམ་དུ་འགྲོ་བ་ནི་སྟབས་བདེ་བའི་འགུལ་སྐྱོད་བྱེད་སྟངས་ཤིག་ཡིན། ཨ་མེ་རི་ཁའི་ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན།བུད་མེད་དར་མ་རྣམས་གཟའ་འཁོར་གཅིག་གི་ནང་འཆམ་འཆམ་དུ་ཐེངས་གཉིས་ལ་སོང་ན་སྙིང་རྒུད་ནད་ཀྱི་ཉེན་ཁ་ཇེ་ཉུང་དུ་འགྲོ་བ་རེད།

ཞིབ་འཇུག་དེ་ནི་ཨ་མེ་རི་ཁའི་པུའུ་ལང་སློབ་ཆེན་སྙིང་ནད་རིག་པའི་ཆེད་མཁས་པས་རྩ་འཛུགས་བྱས་ཏེ་སྤེལ་བ་ཞིག་ཡིན་ལ། ལོ50ཡན་གྱི་བུད་མེད་ཁྲི་8.9ལྷག་ལ་དུས་ཡུན་ལོ་བཅུའི་རིང་རྗེས་འདེད་ཞིབ་འཇུག་བྱས་པ་ལས་ཤེས་པ་རེད། འཆམ་འཆམ་དུ་སོང་ན་སྙིང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་མངོན་གསལ་ཐོན་ཐུབ་པ་དང་། དེས་སྙིང་རྒུད་ནད་ཀྱི་ཉེན་ཁ་ཇེ་དམའ་རུ་གཏོང་བའི་ཕན་ནུས་ནི་ལུས་པོའི་ལྗིད་ཚད་དང་ལུས་རྩལ་གཞན་པའི་གོམས་གཤིས་དང་འབྲེལ་བ་གང་ཡང་མེད། ཞིབ་ཏུ་བཤད་ན་གཟའ་འཁོར་རེར་འཆམ་འཆམ་དུ་ཐེངས་གཅིག་སོང་ན་བུད་མེད་ཀྱི་སྙིང་རྒུད་ཉེན་ཁ5%ཡིས་ཇེ་དམའ་རུ་གཏོང་ཐུབ་པ་དང་།འཆམ་འཆམ་དུ་འགྲོ་བའི་ཐེངས་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས་སྙིང་རྒུད་ནད་ཀྱི་ཉེན་ཁ་དེ་བས་ཀྱང་ཇེ་ཉུང་དུ་འགྲོ་ངེས་རེད།གཟའ་འཁོར་རེར་འཆམ་འཆམ་དུ་ཐེངས་གཉིས་སོང་ན་སྙིང་རྒུད་ཉེན་ཁ20%ཇེ་དམའ་རུ་འགྲོ་སྲིད།གལ་ཏེ་ཉི་མ་རེ་རེ་བཞིན་འཆམ་འཆམ་དུ་སོང་ན།སྙིང་རྒུད་ཉེན་ཁ35%ཇེ་དམའ་རུ་འགྲོ་ཐུབ།དེ་ལས་གཞན་ཞིབ་འཇུག་མི་སྣས་ད་རུང་གལ་ཏེ་ཉིན་རེར་འཆམ་འཆམ་དུ་འགྲོ་བའི་དུས་ཡུན་སྐར་མ་40ལས་བརྒལ་ན།བུད་མེད་ལ་སྙིང་རྒུད་ནད་ཕོག་པའི་ཚད25%ཡིས་ཇེ་དམའ་རུ་འགྲོ་ཐུབ་པ་དང་།གོམ་པའི་དལ་མགྱོགས་ཀྱི་ནུས་པའང་མི་འདྲ་བ་རེད།སྤྱིར་བཏང་གི་གོམ་པ་ལས་གོམ་པ་མགྱོགས་པོར་སོང་ན་སྙིང་རྒུད་ཉེན་ཁ38%ཀྱིས་ཇེ་དམའ་རུ་གཏོང་ཐུབ།

སྙིང་གིས་ལུས་ཡོངས་ལ་རྒྱུན་ལྡན་གྱི་ཁྲག་འདོན་མི་ཐུབ་པའི་སྐབས་སུ་སྙིང་རྒུད་ནད་བྱུང་བ་རེད།ནད་གཞི་ཚབས་ཆེན་ཡིན་པའི་སྐབས་སུ་དབུགས་ཧད་དེ་རྡོ་སྐས་དང་རི་མགོ་སོགས་སུ་འགོ་མི་ཐུབ་ལ། གཉིད་ཉལ་བའི་སྐབས་སུའང་དབུགས་འབྱིན་རྔུབ་བྱེད་དཀའ་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།1/3གི་སྙིད་རྒུད་ནད་པ་ནི་ནད་ཕོག་པའི་ལོ་གཅིག་གི་ནང་དུ་ཤི་འགྲོ་བ་དང་།ནད་འདིའི་གསོན་ཚད་ནི་ཐན་སྐྲན་ནད་ཁ་ཤས་ལས་ཀྱང་དམའ་བ་རེད།དེར་བརྟེན་སྙིད་རྒུད་ནི་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ནད་རིགས་ཚབས་ཆེན་ཞིག་ཡིན་པས།འཆམ་འཆམ་དུ་སོང་ན་སྙིང་རྒུད་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་ཤེས་པ་འདི་ནི་ང་ཚོར་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།ཞིབ་འཇུག་དེའི་རྩོམ་པ་པོ་སོ་མུའུ་ཝེར·ལེ་སི་ལ་ཡིས“ང་ཚོས་འཆམ་འཆམ་དུ་སོང་ན་སྙིང་རྒུད་ནད་འགོག་ཐུབ་པ་ཤེས་ནའང་མི་ཁ་ཤས་ཀྱིས་ད་རུང་འཆམ་འཆམ་དུ་འགྲོ་བར་ཕན་ནུས་གང་ཡང་མེད་པར་འདོད་ཀྱིན་ཡོད།ཐེངས་འདིའི་ཞིབ་འཇུག་དབྱེ་ཞིབ་ལས་རྒྱུན་དུ་འཆམ་འཆམ་དུ་སོང་ན་ནད་ཕོག་ཚད་ཇེ་ཉུང་དུ་འགྲོ་བ་གསལ་པོར་ཤེས་ཐུབ”ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།