ཀྲུང་གོ་བོད་ཀྱི་དྲ་བ།

མ་རིག་པ་ནད་ཀྱི་རྒྱུར་བཞག་རུང་གི་གོ་བདེའི་ཟིན་བྲིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20180118164139.jpg

རྔོག་བུ་བདུད་མགོན་ཚེ་རིང་།

མ་རིག་པ་ཞེས་གང་ཟག་སོ་སོ་བའི་སེམས་དང་སེམས་བྱུང་གི་རྟེན་འབྲེལ་གྱི་ཆོས་ཉིད་ལས་རང་བཞིན་དུ་གནས་བའམ། བག་ལ་གཞའ་བའི་ཚུལ་དུ་ཡོད་པའི་ནང་གི་བྱེད་པ་ཅིག་ལ་གོ 

དེ་ཡང་སེམས་དང་སེམས་བྱུང་གི་འབྲེལ་བ་དེ་ཇི་ལྟར་ཡིན་སྙམ་ན་དབུས་མཐའ་རྣམ་འབྱེད་ལས། དེ་ལ་དོན་མཐོང་རྣམ་པར་ཤེས།། དེ་ཡི་ཁྱད་པར་སེམས་ལས་བྱུང་།། ཞེས་དོན་གྱི་ངོ་བོ་རགས་པ་མཐོང་བའམ་འཛིན་པ་སེམས་དང་ཡུལ་གྱི་ངོ་བོའི་བཟང་ངན་དང་སྦོམ་ཕྲའི་ཁྱད་པར་མཐོང་ངམ་འཛིན་པ་སེམས་བྱུང་ཡིན།

འོ་ན་དེ་ཉིད་ནད་ཐམས་ཅད་ཀྱི་རྒྱུ་རུ་ཇི་ལྟར་བཞག་རུང་ངམ་སྙམ་ན་མདོ་ལས།  སེམས་ཀྱི་གླང་བོ་ཡན་བཏང་བས།། མནར་མེད་གནོད་པ་བྱེད་པ་ལྟར།། འདི་ལྟར་འཇིག་པ་ཐམས་ཅད་དང་།། སྡུག་བསྔལ་དཔག་ཏུ་མེད་པ་ཡང་།། སེམས་ལས་བྱུང་བ་ཉིད་ཡིན་ནོ།།ཞེས་དང་། གློ་བུར་མ་རིག་དྲི་མས་སྒྲིབ།། དེ་བསལ་བས་ན་སངས་རྒྱས་དངོས།། ཞེས་སོགས་ནང་སེམས་ཀྱི་བདག་རྐྱེན་ལས་ཆགས་པ། སྡང་བ། བར་མ་སོགས་སེམས་བྱུང་གི་ཤེས་བྱེད་སྐྱེད་ལ། དེ་ལ་བརྟེན་ནས་ཕྱི་ལུས་ངག་ཡིད་ཀྱི་བྱ་བྱེད་འགུལ་བསྐྱོད་ལ་བཀོད་འདོམས་བྱས་ཏེ་ལུས་སེམས་གཉིས་ཆར་གནོད་བྱེད་ཀྱི་ལས་སྣ་ཚོགས་པ་མ་རིག  མ་ཤེས།  མ་གསལ་བར་ངང་ངམ་ཤུགས་ཀྱིས་བརྩམས་པ་དང་རྩོལ་བ་ལས་ནད་ཀྱི་རྒྱུར་བཞག་རུང་བ་ཡིན། དཔེར་ན་མ་ཡི་ནུ་ཞོ་ལ་འགོས་ནད་སོགས་ཡོད་པ་བྱིས་པ་དེས་དེ་ཉིད་ནད་ཅན་དུ་རྟོགས་པའི་བློ་མེད་པར་ལོངས་སུ་སྤྱོད་པ་ནི་མ་རིག་པའོ། མ་ཡིས་ནད་ཅན་ཡིན་པ་ཤེས་བཞིན་དུ་བྱིས་པའི་ལྟོགས་སྐོམ་ལ་སྙིང་རྗེ་བའི་ངང་ནུར་འཇུག་པ་ནི་ནད་ཀྱི་ཤེས་བྱ་མེད་པས་མ་རིག་པའོ། སྨན་པས་མ་ཡི་ནུ་ཞོ་ལས་སྐྱེད་པའི་ནད་དུ་ངོས་མ་ཟིན་པར་ནད་གཞན་དུ་གསོ་བ་ནི་སྨན་དཔྱད་ཀྱི་དོན་མ་རིག་པའོ། དཔེ་དེ་བཞིན་དུ་གང་ཟག་རང་རང་གི་ངོས་ནས་སེམས་ཀྱིས་མ་རིག་པས་སེམས་བྱུང་ལ་བདག་རྐྱེན་བྱས།  སེམས་བྱུང་དེས་དབང་བོ་དང་ཡན་ལག་ལ་མ་རིག་བཞིན་དུ་བདག་རྐྱེན་བྱས། ཡན་ལག་གིས་གནོད་བྱེད་དེ་ཉིད་ཇི་བཞིན་ལག་བསྟར་བྱུང་བ་ནི་གནོད་བྱེད་དམ་ཉེས་བྱེད་ཀུན་གྱི་རྩ་བ་ཡིན་པས་མ་རིག་པ་ནད་ཀྱི་རྒྱུར་བཞག་རུང་ངོ་།

གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས།  སོ་སོ་སྐྱེ་བོ་གཞིར་བཞག་ལ།།མ་རིག་ནད་བྲལ་ཡོད་མ་ཡིན།། རིང་རྒྱུའི་དབང་བྱས་ནད་བྲལ་མེད།། ཉེ་རྒྱུའི་དབང་བྱས་ནད་མེད་ཡོད།། ཞེས་པའང་སོ་སོ་སྐྱེ་བུ་ཐ་མལ་བ་རྣམས་ལ་བྱ་དངོས་ཀྱི་ནུས་སྟོབས་ཡོན་ཏན་སོགས་མ་བསླབ་པས་མཁྱེན་ཡོང་བ་གཅིག་ཀྱང་མེད་པ་དང་། བསླབ་ནས་ཀྱང་དོན་མི་ཤེས། མི་གོ  མི་འཁྲོལ་བ་ནི་མ་རིག་པའི་ཁྱད་ཆོས་ཡིན། ཁྱད་ཆོས་དེ་ལྡན་གྱི་སོ་སྐྱེ་རྣམས་ལ་ནི་དུས་ནམ་གྱི་ཞར་ཡང་ནད་འབྱུང་བའི་རྒྱུ་ཡོངས་སུ་རང་སྟེང་ལ་ཚང་ངམ་ཚོགས་པ་ཡིན་པས་ནད་དང་བྲལ་བ་མེད་དོ་ཞེས་པ་དང་། ཡང་རྒྱུ་དེ་ལ་སྐྱེད་བྱེད་ཉེར་ལེན་གྱི་རྐྱེན་དང་མ་ཕྲད་ན་སོ་སྐྱེས་རང་ལུས་ལ་ནད་ཡོད་པ་མི་མཁྱེན་པས་རེ་ཞིག་བདེ་ཐང་གི་ཚུལ་དུ་གནས་པ་ལ་ནད་མེད་ཟེར། དཔེར་ན་མགོ་ན་བའི་རྒྱུ་མགོ་རང་ཉིད་ལ་ཚོགས་པ་ཡིན་ཡང་རྐྱེན་དང་མ་ཕྲད་ན་མགོ་ན་བའི་མངོན་ཚུལ་ཕྱིར་མི་མངོན་པའི་སྐབས་ལ་ང་ཚོས་མགོ་མི་ན་ཀི  མགོ་བདེ་ཐང་རེད་སྙམ་གྱི་ཡོད་པ་ནི་མགོ་ནད་ཀྱི་རྒྱུ་མ་རིག་པ་ཡིན་པས་གནས་སྐབས་ནད་མེད་དུ་བཞག་རུང་། ནམ་ཞིག་རྐྱེན་དང་ཕྲད་ཚེ་མགོ་ན་ཀི  མགོ་ཡུ་འཁོར་ཀི་ལྟ་བུ་ནི་ནད་ཅན་གྱི་རྟགས་དང་མཚན་མ་ཡོངས་སུ་མངོན་འོང་བའི་སྐབས་དེ་ནི་ནད་ཅན་དུ་བཞག་པའོ། དེ་བས་རིང་རྒྱུ་མ་རིག་པའི་དབང་དུ་བྱས་ན་མི་ཐམས་ཅད་ནད་ཅན་ཤ་སྟག་ཡིན་པ་དང་། ཉེ་རྒྱུའི་དབང་དུ་བྱས་ན་ནད་མེད་ཀྱང་ཡོད་ཅེས་པའི་དོན་ནོ། རྒྱུད་ལས། དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང་།།རང་གི་གྲུབ་མ་ལུས་དང་མི་འབྲལ་བཞིན།།འགྲོ་ཀུན་བདེ་བར་གནས་ཤིང་སྤྱོད་ན་ཡང་།།མ་རིག་ལྡན་པས་ནད་འབྲལ་མི་སྲིད།།ཞེས་ཀྱང་ངོ་།

མདོར་ན་མ་རིག  མ་གོ  མ་ཤེས་སོགས་ཀྱི་སེམས་དང་སེམས་བྱུང་གི་དབང་གིས་སྐྱེད་པའི་བྱ་བྱེད་ལས་བསགས་པའམ་འབྱུང་བའི་སྡུག་བསྔལ་གྱི་ཚོར་བ་ཕྲ་རག་ཐམས་ཅད་འབྱུང་ཁུངས་ལ་ལྟོས་ནས་མ་རིག་པ་ནད་ཀྱི་རྒྱུར་བཞག་པ་ཡིན་པར་འདོད། དེ་ལ་རྗེ་ཙོང་ཁ་བས། འཇིག་རྟེན་རྒུད་པ་ཇི་སྙེད་པ།། དེ་ཡི་རྩ་བ་མ་རིག་པ།། ཞེས་པ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གང་ཡང་རྒུད་བྱེད་ཀྱི་རྩ་བ་མ་རིག་པ་ཡིན་པར་བསྟན་ཡོད་པ་དེའང་རྒུད་ཀྱི་འབྱུང་ཁུངས་སེམས་ལ་རག་ལས་ཡོད་པས་ཡིན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།